རྒྱལ་སྤྱིའི་ཡོ་ག་ཉིན་མོར་རྒྱ་གར་མི་མང་གི་འཕྲོད་བསྟེན་བདེ་ཐང་ཡོང་བའི་སྨོན་འདུན་ཞུ།

ཡོ་ག་དགེ་རྒན་བོད་རིགས་བུད་མེད་ཚེ་རིང་གཡང་འཛོམས་ལགས་ཀྱིས་ཡོ་ག་སྦྱང་ན་སེམས་གུ་དོག་པོ་དང་ཁོང་ཁྲོ་ཟ་ཆོག་ཆོག་ཡོད་པ་སོགས་ལ་ཕན་རླབས་ཆེན་པོ་ཡོད་སྐོར་བརྗོད་སོང་།དེ་རིང་རྒྱལ་སྤྱིའི་ཡོ་ག་ཉིན་མོ་དང་བསྟུན་སྔ་དྲོའི་ཆུ་ཚོད་ ༦།༣༠ སྟེང་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག ཡོ་གའི་དགེ་རྒན་བོད་རིགས་བུད་མེད་ཚེ་རིང་གཡང་འཛོམས་ལགས་གདན་འདྲེན་བྱས་ཏེ་རྒྱལ་སྤྱིའི་ཡོ་ག་ཉིན་མོ་སྲུང་གཙི་གནང་སོང་བ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གི་གཙོས་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཁག་ཅིག  དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་སྲི་ཞུ་ལས་བྱེད་དང་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་། དྷ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག དྷ་ས་ཁུལ་གྱི་ཡུལ་སྐོར་ཕྱི་གླིང་བ་བཅས་མི་གྲངས་ ༣༠༠ མ་ཟིན་ཞིག་འདུག

རྒྱལ་སྤྱིའི་ཡོ་ག་ཉིན་མོར་ཡོ་ག་དགེ་རྒན་བོད་རིགས་བུད་མེད་ཚེ་རིང་གཡང་འཛོམས་ལགས་གདན་འདྲེན་བྱས་ཡོད་པ་ལྟར། ཐོག་མར་མོས་ཡོ་ག་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་སྐབས། ཡོ་ག་སྦྱོང་བར་གལ་ཆེ་ཤོས་གསུམ་ཡོད་པ་ལས་དང་པོ་ནི་གཟུགས་པོ་འཁྱེར་སྟངས་ཡག་པོ་དགོས་ཀྱི་ཡོད་པ་དང། གཉིས་པ་དབུགས་ཡར་ལེན་མར་གཏོང་གི་གནས་བབ་ཡག་པོ་ཤེས་དགོས་པ། དཔེར་ན་གཟུགས་པོ་མར་སྒུར་སྐབས་དབུགས་ཡར་འཐེན་དགོས་རེད་དམ་མར་ཀློད་དགོས་པ་སོགས། གསུམ་པ་མིག་གི་ལྟ་ཡུལ་ཧ་གོ་དགོས་པ་གལ་ཆེ་བ་བཅས་ཡིན་ལ།  ཡོ་ག་སྦྱོང་བརྡར་སྐབས་གལ་ཆེ་ཤོས་དེ་གཟུགས་པོ་གཅིག་པུ་མཉེན་པོ་དང་བདེ་པོ་བཟོ་རྒྱུ་མ་ཡིན་པར་སེམས་པ་ལའང་སྦྱོང་བརྡར་སྤྲོད་དགོས་ཀྱི་ཡོད་སྐོར་དང་། དེ་བཞིན་དུས་རྒྱུན་དུ་ཕྱི་རོལ་ནས་རྐང་ཐང་དུ་རྒྱུག་པ་དང་། རྐང་སྤོལ་རྩེ་བ། ཤུགས་སྦྱོང་ལྕགས་འགྱོག་པ་སོགས་ཀྱིས་ལུས་པོའི་ཆ་ཤས་ལ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་ལས་སེམས་པ་ལ་སྦྱོང་བརྡར་སྤྲོད་ཀྱི་མེད་པས། ཡོ་ག་སྦྱང་ན་སེམས་གུ་དོག་པོ་དང་ཁོང་ཁྲོ་ཟ་ཆོག་ཆོག་ཡོད་པ་སོགས་ལ་ཕན་རླབས་ཆེན་པོ་ཡོད་སྐོར་བརྗོད་རྗེས། ཆུ་ཚོད་གཅིག་ཙམ་རིང་ཡོ་ག་རྩེད་སྟངས་དངོས་སུ་འཁྲིད་སྟོན་གནང་སོང་།

མཐའ་མ་དེར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས། རྒྱལ་སྤྱིའི་ཡོ་གའི་ཉིན་མོ་སྲུང་གཙིའི་ཐོག་ཕེབས་མཁན་ཚང་མར་དགའ་བསུ་དང་། ཡོ་ག་སློབ་སྟོན་པ་ཚེ་རིང་གཡང་འཛོམས་ལགས་ལས་བྲེལ་གྱི་རྐྱེན་པས་ཁོམ་དུས་མེད་པ་ལ་མ་ལྟོས་པར་ཡོ་ག་སློབ་འཁྲིད་གནང་ཆེད་ཕེབས་པར་བཀའ་དྲིན་ཆེ་ཞུས་པ་དང་འབྲེལ་ཁོང་གིས། དེ་རིང་གི་མཛད་རིམ་དེ་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུའི་ངོ་བོའི་ཐོག་ནས་བརྩི་སྲུང་བྱེད་ཀྱི་ཡོད་པ་རེད། དེའི་རྒྱུ་མཚན་ནི་རྒྱ་གར་སྲིད་བློན་མོ་དྷི་མཆོག་ནས་དུས་དང་རྣམ་པ་ཀུན་ཏུ་ཁོར་ཡུག་གཙང་བཟོ་དང་། ཡོ་གའི་སྐོར་ལ་ཐུགས་འཁུར་ཤུགས་ཆེན་གནང་གི་ཡོད་པར་བརྟེན། ངས་ནམ་རྒྱུན་ནས་བཤད་བསྡད་ཡོད་པའི་ནད་རིགས་སྔོན་འགོག་ལའང་ཡོ་གའི་ལུས་སྦྱོང་གིས་ཕན་ཐོགས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༦/༢༢

Leave a Reply