བལ་ཡུལ་རྒྱལ་ཁོངས་ནས་རྒྱ་ནག་ལ་གནོད་པའི་ངོ་རྒོལ་བྱེད་འཇུག་མི་སྲིད།

བལ་ཡུལ་སྲིད་བློན་རྒྱ་ནག་ཏུ་ཕྱིན་ཏེ་ཨ་སྒོར་ཐེར་འབུམ་༢.༤ཅན་གྱི་ལས་གཞི་ཁག་༨ ལ་མིང་རྟགས་བཀོད་དེ་མ་འོངས་པར་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ཚང་མའི་ནང་མཉམ་ཞུགས་བྱ་རྒྱུ་ཡིན་པ་ཁས་ལེན་བྱས།
ཟླ་འདིའི་ཕྱི་ཚེས་༡༩ ཉིན་ནས་བཟུང་བལ་ཡུལ་གྱི་སྲིད་བློན་ཤཱར་མ་ཨོ་ལེ་(K.P. Sharma Oli)ཡིས་རྒྱ་ནག་ནང་ཉིན་གྲངས་ ༥ རིང་གཞུང་འབྲེལ་སྐོར་སྐྱོད་བྱེད་ཀྱི་ཡོད་པ་དང་། དེ་རིང་ཞོགས་པར་པེ་ཅིན་མི་མང་ཚོགས་ཁང་ཆེན་མོའི་ནང་སྲིད་འཛིན་ཞི་ཅིན་ཕིན་དང་ཐུགས་འཕྲད་ཀྱིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞིའི་འོག་འགྲོ་གྲོན་ཨ་སྒོར་ཐེར་འབུམ་ ༢.༤ ཅན་གྱི་ལས་གཞི་ཁག་༨ ལ་གྲོས་མཐུན་མིང་རྟགས་བཀོད་ཡོད་འདུག

ཤཱར་མ་ཨོ་ལེ་ཡི་གཞུང་འབྲེལ་སྐོར་སྐྱོད་དེ་ནི་ཁོ་རང་བལ་ཡུལ་གྱི་སྲིད་བློན་ལ་བསྐྱར་དུ་འདེམས་ཐོན་བྱུང་རྗེས་གཞུང་འབྲེལ་སྐོར་སྐྱོད་ལ་ཕྱིན་པ་ཐེངས་དང་པོ་ཡིན་པ་དང་། ཁོང་གིས་གཞུང་འབྲེལ་ཐོག་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་། བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་ལེན་རྒྱབ་སྐྱོར་ཡོད་པའི་ཐོག བལ་ཡུལ་མངའ་ཁོངས་ནས་རྒྱ་ནག་ལ་གནོད་པའི་ངོ་རྒོལ་ལས་འགུལ་རིགས་རྩ་བ་ནས་སྤེལ་འཇུག་མི་སྲིད་ལ། རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་མཉམ་ལས་རྒྱ་བསྐྱེད་ལ་ཧུར་ཐག་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་འདུག

དེ་བཞིན་ཞི་ཅིན་ཕིན་གྱིས་རྒྱ་ནག་དང་བལ་ཡུལ་ནི་དཀའ་སྡུག་མཉམ་མྱོང་གི་ཁྱིམ་མཚེས་མཛའ་གྲོགས་རྒྱལ་ཁབ་གཉིས་ཡིན་པ་དང་། རྒྱ་ནག་དང་བལ་ཡུལ་བར་ཕྱི་འབྲེལ་འཛུགས་ཐུབ་པ་ནས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་རྨང་གཞིའི་ཐོག་གཉིས་ཕན་མཉམ་ལས་བྱས་ཡོད་ལ། བལ་ཡུལ་གྱིས་རྒྱ་ནག་གཅིག་གི་སྲིད་བྱུས་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པར་བསྔགས་བརྗོད་ཞུ་རྒྱུ་དང་། རྗེས་ཕྱོགས་བལ་ཡུལ་དང་རྒྱ་ནག་བར་ཆབ་སྲིད་ཀྱི་འབྲེལ་ལམ་སྔར་ལས་ཚད་མཐོ་རུ་གཏང་སྟེ། ཕྱོགས་གཉིས་ཀྱི་ཁ་བྲལ་བ་དང་ངོ་རྒོལ་ཉེས་གསག་པ་ཚོར་རྡུང་རྡེག་ཚ་ནན་བཏང་ནས་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་དགོས་ཚུལ་སོགས་བརྗོད་ཡོད་འདུག

རྒྱ་ནག་གི་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཐེངས་འདིའི་གྲོས་མཐུན་ལས་གཞི་ཁག་ནི་བོད་ཀྱི་སྐྱིད་གྲོང་ནས་བལ་ཡུལ་རྒྱལ་ས་བར་ལྕགས་ལམ་བཟོ་སྐྲུན་བྱ་རྒྱུ་དང་། རྒྱ་ནག་ནས་ཆུ་གློག་ནུས་ཤུགས་མཁོ་འདོན།  ཆུ་ཡི་ཐོན་ཁུངས་མཉམ་སྤྱོད། བལ་ཡུལ་ནང་རྒྱ་ནག་གི་ཨར་འདམ་བཟོ་གྲྭ་གསར་འཛུགས་སོགས་ཚུད་པའི་སྔོ་ཚལ་དང་ཤིང་ཏོག་རིགས་ཀྱི་ཚོང་ལས་བརྗེ་རེས་བྱེད་པ་བཅས་ཡིན་འདུག

བལ་ཡུལ་དམར་ཤོག་ཚོགས་པའི་ཚོགས་མི་གྷ་ནི་ཞ(Ganesh Shah)ཡིས་མེ་འཁོར་ལྕགས་ལམ་ལས་གཞི་དེ་ལོ་བཞིའི་ནང་འགྲུབ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ལ། དེ་བཞིན་རྒྱ་ནག་གི་ཨར་འདམ་བཟོ་གྲྭ་བལ་ཡུལ་ནང་འཛུགས་པའི་ལས་གཞི་དེས་ལོ་རེར་བལ་ཡུལ་ལ་ཡོང་འབབ་བལ་སྒོར་ཐེར་འབུམ་༡༤ .༤༠ ཡོང་འཆར་ཡོད་པ་དང་།  ལས་གཞི་དེ་བརྒྱུད་བལ་ཡུལ་མི་མང་ ༡༠༠༠ ལྷག་ལ་ལས་གཉེར་གོ་སྐབས་འཐོབ་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱ་ནག་གི་སྣེ་འཁྲིད་པའི་རྒྱུད་གཅིག་ལམ་གཅིག་གི་ཆ་ཤས་སུ་གྱུར་བའི་ལྕགས་ལམ་བཟོ་སྐྲུན་གྱི་ལས་གཞི་དེར་སྔར་ལོའི་རྒྱ་ནག་གི་དར་གོས་ཚོང་ལམ་ཚོགས་འདུའི་ཐོག་བལ་གཞུང་གིས་མོས་མཐུན་བྱས་ཡོད་པ་མ་ཟད། མ་འོངས་པར་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ཚང་མའི་ནང་མཉམ་ཞུགས་བྱ་རྒྱུ་ཡིན་པ་ཁས་ལེན་བྱས་ཡོད་འདུག ད་ལན་དངོས་སུ་ལྕགས་ལམ་བཟོ་སྐྲུན་མགོ་འཛུགས་བྱེད་པར་མིང་རྟགས་བཀོད་པ་ཡིན་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཕྱི་ལོ་༢༠༡༦ དང་༢༠༡༧་ ལོའི་རྒྱ་ནག་དང་བལ་ཡུལ་གྱི་ཚོང་འབྲེལ་སྙན་ཐོའི་ནང་། རྒྱ་ནག་གིས་ལོ་རེར་བལ་ཡུལ་ནང་ཨ་སྒོར་ས་ཡ་ ༨༡ ལྷག་གི་མ་རྐང་འཛུགས་ཀྱི་ཡོད་པ་དང་། རྒྱ་ནག་གི་བཟོ་གྲྭ་མང་པོ་ཞིག་ལ་བལ་ཡུལ་ནང་ཁེ་ཕན་ཆེན་པོ་ཐོབ་ཀྱི་ཡོད་འདུག་ལ། བལ་ཡུལ་གྱིས་ལོ་རེར་ཨ་སྒོར་ཐེར་འབུམ་ ༥ .༨༨ ལྷག་གི་རྒྱ་ནག་གི་ཐོན་རྫས་ནང་འདྲེན་བྱེད་ཀྱི་ཡོད་པ་དང་།  བལ་ཡུལ་དང་པ་ཀི་སི་ཐན་ནི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནས་རྒྱ་ནག་གི་དངོས་ཟོག་དབོར་འདྲེན་བྱེད་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༢༡

Leave a Reply