ཀིརྟི་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་ཕུལ།

༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་དད་པ་དང་དམ་ཚིག་ལ་འགྲན་ཟླ་མེད་པའི་དད་ལྡན་ཚོས་ཞབས་བརྟན་བསྒྲུབས་ཡོད་པས་ཡག་པོ་བྱུང་འདུག་ལ་ང་ཚེ་རིང་པོར་འདུག་ཨེ་ཐུབ་བལྟ་རྒྱུ་དེ་ངའི་འགན་རེད་ཅེས་གསུངས་སོང་།

དེ་རིང་སྔ་དྲོར་བཞུགས་སྒར་དྷ་རམ་ས་ལའི་ཀིརྟིའི་བྱེས་པ་གྲྭ་ཚང་དུ། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་། བརྟན་བཞུགས་ཐོག་བོད་ནང་ཀིརྟིའི་དགོན་ལག་ ༤༣ ཡོད་པའི་ནང་ནས་དགོན་པ་བཞི་ཡི་སྐུ་ཚབ་ཆེད་ཕེབས་གནང་ཡོད་པ་དང་། དེ་བཞིན་འབྲུག་དང་བལ་ཡུལ། ལྡི་ལི། རྒྱ་གར་ལྷོ་ཕྱོགས། བཞུགས་སྒར་དྷ་རམ་ས་ལ་སོགས་ནས་སེར་སྐྱ་མི་མང་བཅས་འཛོམས་འདུག

བརྟན་ཞུགས་བསྟར་འབུལ་དང་འབྲེལ་ཏེ་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས། བརྟན་བཞུགས་ཀྱི་སྐབས་སུ་རྒྱུ་དངོས་པོའི་ཐོག་ནས་འགྲོ་སོང་མང་པོ་མ་བཏང་པར། དོན་དམ་པའི་བརྟན་བཞུགས་ཡོང་པར་གྱིས་ཅེས་དེ་སྔོན་ནས་དེ་ལྟར་ལབ་བསྡད་པ་ཡིན་ལ། ད་རེས་དགེ་ལས་གསོག་སྒྲུབ་ཀྱི་ཐོ་ ༢༠༠༠ ཙམ་འབྱོར་འདུག ཁོང་ཚོས་ཚིག་གཅིག་འདོན་སྐབས་ཀྱང་རིན་པོ་ཆེའི་ཞབས་བརྟན་ལ་འགྲོ་བར་ཤོག་ཅེས་གསོལ་བ་སྨོན་ལམ་བཏབ་ནས་བསྒྲུབས་པ་ཞིག་རེད། དེའི་རིན་ཐང་གསེར་དང་དངུལ་གྱིས་གཞལ་ཐབས་མེད་པ་དང་། དད་པ་དང་དམ་ཚིག་ལ་འགྲན་ཟླ་མེད་པ་ཞིག་ཡིན་པས། ད་རེས་ཀྱི་ཞབས་བརྟན་དེ་ཡག་པོ་བྱུང་ཡོད་པ་རེད་བསམ་གྱི་འདུག

བོད་ནས་ཡོང་མཁན་རོང་འབྲོག་མང་ཚོགས་ཚོས་མིག་ལ་མཆི་མས་ཁེངས་ཏེ། རིན་པོ་ཆེ་མཆོག་གི་གསུང་ལ་ཉན་ནས་ད་ལྟ་ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་འགྲོ་བཞིན་ཡོད་ཅེས་བརྗོད་ཀྱི་འདུག དེ་དངོས་གནས་རེད། ད་ལྟ་བར་དུ་ཁོང་ཚོས་ངའི་ཁ་ལ་ཉན་སོང་། དེ་བཞིན་ཆོས་ལ་སློབ་གཉེར་བྱེད་བཞིན་པ་ཚོས་ཀྱང་ཁོར་ཡུག་གི་རྐྱེན་པས་དཀའ་ཁག་ཡོད་རེད་དེ། དེར་འཛེམས་མེད་ཀྱིས་ཉིན་མཚན་སྒྲིལ་ནས་སློབ་གཉེར་བྱེད་བཞིན་འདུག དགེ་བའི་བཤེས་གཉེན་དེ་ཚོས་གྲྭ་པ་བརྒྱ་ཉིས་བརྒྱར་དཔེ་འཁྲིད་བྱེད་བཞིན་ཡོད་པ་རེད། ཁོང་ཚོར་ཕོགས་སོགས་འབུལ་མཁན་གཅིག་ཀྱང་ཡོད་པ་མ་རེད་དེ། སངས་རྒྱས་བསྟན་པའི་དོན་དུ་དཀའ་ལས་རྒྱག་བཞིན་པ་རེད། མདོ་སྨད་ཁུལ་དུ་སློབ་གཉེར་ཡང་དག་བྱེད་བཞིན་པ་དགོན་པ་ཚང་མའི་ནང་ཡོད་པ་རེད། དེ་ཚོ་ཞེ་དྲགས་ཡག་པོ་རེད། དེ་ཚོའི་མཐུ་དང་ནུས་པ་ལ་བརྟེན་ནས་ང་ཚེ་རིང་པོ་ཡོང་བ་ཅིག་དང་། ང་ལོ་ག་ཚོད་བར་གནས་ཀྱང་ངའི་པར་ཞིག་བཞག་པ་ཡིན་ན་ཡང་། ལམ་ཡག་པོ་ཞིག་ལ་འགྲོ་ཡི་རེད་བསམ་གྱི་ཡོད། ང་ཚེ་རིང་པོར་འདུག་ཨེ་ཐུབ་བལྟ་རྒྱུ་དེ་ངའི་འགན་རེད། ཅེས་གསུངས་སོང་།

བརྟན་བཞུགས་གོ་སྒྲིག་པ་ཀིརྟིའི་དགེ་རྩ་ཚོགས་པའི་སྤྱི་ཁྱབ་རྒྱུན་ལས་གྲྭ་བློ་བཀྲ་ཚེ་རིང་ལགས་སུ། ཉེ་སྔོན་ཀིརྟི་རིན་པོ་ཆེ་མཆོག་ནས་སྙུང་གཞི་བཞེས་སྐབས་བོད་ཕྱི་ནང་གཉིས་ནས་དད་ལྡན་མང་པོ་ཞིག་གིས་སེམས་འཚབ་ཆེན་པོ་ཞུས་ཡོད་སྟབས། རིན་པོ་ཆེ་མཆོག་ལ་དངོས་སུ་མཇལ་བའི་གོ་སྐབས་མེད་པའི་བོད་ནང་གི་དད་ལྡན་རྣམས་ལ་ག་རེ་གསུང་རྒྱུ་ཡོད་ཅེས་ཞུས་པར་ཁོང་གིས། དད་ལྡན་ཚང་མས་རིན་པོ་ཆེ་མཆོག་སྙུང་པའི་སྐབས་སུ་ཉིན་མཚན་ལ་མ་བལྟོས་པར་སྐུ་ཚེགས་ཀྱིས་དུས་ཐོག་ཞབས་བརྟན་རྒྱ་ཆེན་བསྒྲུབས་པ་ཙམ་དུ་མ་ཟད་སེམས་ཁུར་ཧ་ལས་པ་ཆེན་པོ་གནང་ཡོད་པ་རེད། ལྷག་པར་དུ་མི་རེ་ངོས་རེ་ནས་སྙན་ཞུ་དང་སྒྲུབ་ཐོ་སྟོང་ཕྲག་མང་པོ་འབྱོར་སོང་། དེ་ཚོར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། རིན་པོ་ཆེ་མཆོག་ལ་དངོས་སུ་མཇལ་མ་ཐུབ་ནའང་རིན་པོ་ཆེ་མཆོག་ནས་ཁོང་གི་སྐུ་གཟུགས་གསལ་ཐང་ཡིན་པའི་བཀའ་སློབ་ཚང་མར་གནང་ཡོད་པ་རེད། དེ་ཚོ་སེམས་ལ་ཟུངས་དང་དེ་ནང་བཞིན་རེད་ཅེས་ཞུ་རྒྱུ་ཡིན། ཞེས་བརྗོད་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༦/༢༡

Leave a Reply