གྲྭ་བཞི་སྐལ་བཟང་དགྲ་འདུལ་ལཊ་ཀྱི་སྐུ་ཕུང་ཞུཊ་འབུལ་གནང་།

དེ་རིང་ཞོགས་པར་གཞུང་ཞབས་དྲུང་ཟུར་གྲྭ་བཞི་སྐལ་བཟང་དགྲ་འདུལ་ལགས་དམ་པ་ཁོང་གི་སྐུ་ཕུང་ལྷ་རྒྱལ་རིའི་རང་ཤག་ནས་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ་སེར་སྐྱ་མི་མང་གིས་མཇལ་དར་བསྒྲོན་རྗེས་བོད་ཁྱིམ་ལམ་གྱི་ཕུང་སྲེག་ཁང་དུ་སྐུ་ཕུང་ཞུགས་འབུལ་གནང་།

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གྱི་ཆུ་ཚོད་༤:༤༡ ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་ཞབས་ཞུ་དང་སྐུའི་སྲུང་བྱ་བ་གཞུང་ཞབས་ཟུར་པ་གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ལགས་དྷ་རམ་ས་ལའི་ལྷ་རྒྱལ་རིའི་རང་ཤག་ཏུ་སྐུ་གྲོངས་ཡོད་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༤༥ སྟེང་དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག  རང་ཤག་ནས་སྐུ་ཕུང་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ་སེར་སྐྱ་མི་མང་གིས་མཇལ་དར་བསྒྲོན་སོང་བ་དང་། དེ་ནས་དྷ་སྟེང་བོད་ཁྱིམ་ལམ་གྱི་ཕུང་སྲེག་ཁང་དུ་སྐུ་ཕུང་ཞུགས་འབུལ་གནང་སོང་།

ཁོང་སྐུ་གྲོངས་བའི་ཡིད་སྐྱོའི་གནས་ཚུལ་ཐོན་རྗེས། ཁ་སང་ཕྱི་ཚེས་༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་གཙོས་ལྷན་ཁང་ཁག་ཚང་མས་ལས་མཚམས་བཞག་ཏེ། སྲི་ཞུ་ལས་བྱེད་ཡོངས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་འདུ་འཛོམས་ཏེ་བོད་གཞིས་བྱེས་གཉིས་སུ་ཞི་དྲག་གཉིས་ཀྱི་ཐོག་ནས་སྲི་ཞུ་བསྒྲུབས་མྱོང་མཁན་གཞུང་ཞབས་ཟུར་པ་ཁོང་ལ་མྱ་ངན་དང་མཆོད་འབུལ་སྨོན་ལམ་གནང་ཡོད་པ་རེད།

གཞུང་ཞབས་དྲུང་ཟུར་དམ་པ་གྲྭ་བཞི་སྐལ་བཟང་དགྲ་འདུལ་ལགས་ད་ལྟ་དགུང་ལོ་ ༩༣ ཡིན་ཞིང་། ཁོང་གིས་ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་སྐབས། ལམ་བར་དུ་སྐུ་ཕྱྭའི་ཞབས་ཞུ་དང་སྐུ་སྲུང་སོགས་ཀྱི་སྲི་ཞུ་ཞུས་ཡོད་པ་དང་། ལམ་བར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཆིབས་རྟའི་རྟ་ཁ་འཁྲིད་མཁན་སོགས་ཀྱང་གནང་ཡོད་འདུག ཉེ་སྔོན་ཕྱི་ཟླ་༥ ཚེས་༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གཞུང་ཞབས་སྲི་ཞུ་ཟུར་པ་རྣམས་ལ་མཇལ་ཁ་གནང་སྐབས་ཁོང་ལ་དམིགས་བསལ་ཐུགས་བརྩེ་ཆེན་པོ་གནང་ཡོད་འདུག

གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ལགས་ནི། ཕྱི་ལོ་ ༡༩༢༥ ལོར་ལྷོ་ཁ་འཕྱོངས་རྒྱས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༤༣ ལོར་དགུང་གྲངས་ ༡༨ ཐོག་བོད་གཞུང་ཁ་དང་གྲྭ་བཞི་གཡུལ་རྒྱལ་བསམ་འཕེལ་དམག་སྒར་དུ་ཞུགས་ནས་གཞི་རིམ་དམག་རྩལ་ཁག་ལ་སློབ་སྦྱོང་གནང་ཡོད་པ་དང་།  ཕྱི་ལོ་ ༡༩༤༨ ལོར་གནས་བདུན་པ་ལྡིང་དཔོན་དང་། ༡༩༥༡ ལོར་གནས་དྲུག་པ་བརྒྱ་དཔོན་དུ་བསྐོ་བཞག་བྱས། ཕྱི་ལོ་ ༡༩༥༩ ལོར་ལྷ་སར་མི་མང་སྒེར་ལངས་རྗེས་ནོར་གླིང་ཕོ་བྲང་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་བཅར་ཉེན་སྲུང་ཆིབས་ཞབས་སུ་བཅར། རྒྱ་གར་དུ་འབྱོར་རྗེས་འབྲས་ལྗོངས་སུ་ལམ་ལས་ཁོངས་གནས་མང་ཚོས་ཀྱི་འཐུས་མི་དང་། ཕྱི་ལོ་ ༡༩༦༠ ལོར་གནས་མཆོག་རྡོ་རྗེ་གདན་དུ་བྱེས་འབྱོར་ཆོལ་ཁ་གསུམ་གྱི་སེར་སྐྱ་མང་ཚོགས་ནས་མནའ་གན་མཐུ་བོ་ཆེ་འབུལ་སྐབས་འཐུས་མིར་ཆེད་བཅར་གནང་། སྔ་ཕྱིར་བོད་མི་མང་སྤྱི་འཐུས་སྐབས་གསུམ་དང་། ཤེས་རིག་བཀའ་བློན་གྱི་ལས་རོགས། རྡ་ས་སྣེ་ལེན་ཁང་འགན་འཛིན། བལ་ཡུལ་སྐུ་ཚབ་དོན་གཅོད། ལ་དྭགས་ལྷོ་བྱང་སྤྱི་འདོམས་སོགས་བོད་གཞིས་བྱེས་གཉིས་སུ་ཁྱོན་མི་ལོ་ ༤༠ ལྷག་ཙམ་རིང་སྲི་ཞུ་སྒྲུབ་མཐར་ཕྱི་ལོ་ ༡༩༨༣ ལོར་རྒས་ཡོལ་ཞུས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༢༢

Leave a Reply

2 thoughts on “གྲྭ་བཞི་སྐལ་བཟང་དགྲ་འདུལ་ལཊ་ཀྱི་སྐུ་ཕུང་ཞུཊ་འབུལ་གནང་།

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེ

    སྐལ་བཟང་དུས་སུ་དགྲ་ཕྱི་དམག་ཁོངས་འཛུལ་།
    སྐལ་བཟང་དུས་སུ་གཞུང་མང་ཞབས་ཞུ་ཞུས་།
    སྐལ་བཟང་དགྲ་འདུལ་ལས་ཅན་ཕོ་རྒོད་ཁྱོད་།
    སྐལ་བཟང་སྟོང་གི་སངས་རྒྱས་ཞལ་གཟིགས་ཤོག་།

  2. གཞུང་པ་ཚེ་དབང་བསོད་ནམས་་ཉེ

    ལྷག་བསམ་དཀར་པོ་གངས་རི་ལས་ཀྱང་དཀར་།
    ལྷག་པའི་བསམ་པས་རྒྱལ་ཁབ་མི་རིགས་དོན་།
    ལྷག་བསམ་འགན་འཁུར་རྒྱལ་བའི་སྐུ་སྲུངས་སོགས་།
    ལྷག་བསམ་ཅན་གྱི་གཞུང་ཞབས་སྐལ་དགྲ་ལ་།
    ལྷག་བསམ་རྨ་མེད་བསྔོ་སྨོན་ཁྱེད་ལ་འདེབས་།