ཁ་ཆེའི་བླ་ཆེན་གྱིས་༧འབྲི་གུང་སྐྱབས་མགོན་མཆོག་གི་ལྗང་སྒྱུར་རང་སྒྱུར་གྱི་མཛད་པར་ཆེ་བསྟོད་ཕུལ།

ཨི་སི་ལམ་ཁ་ཆེའི་ཟླ་གཅིག་རིང་གི་སྨྱུང་གནས་མཇུག་སྒྲིལ་གྱི་མཛད་སྒོའི་ཐོག་འབྲི་གུང་༧སྐྱབས་མགོན་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་འདྲེན་ཞུས།

ཁ་སང་ཕྱི་ཚེས་ ༢༡ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༧།༤༥ ཐོག རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཨེ་ཊི་སི་མོར་ཡཱ་(ITC Maurya)གསོལ་མགྲོན་ཁང་དུ། ཨི་སི་ལམ་ཁ་ཆེའི་སྨྱུང་གནས་མཇུག་སྒྲིལ་གྱི་མཛད་སྒོ་ཚོགས་པའི་ཐོག འབྲི་གུང་སྐྱབས་མགོན་འཕྲིན་ལས་ལྷུན་གྲུབ་མཆོག་གི་ཆོས་གྲོགས་ཏེ། ཁ་ཆེའི་ཚོགས་པ་(Jamiat Ulama –Hind)ཡི་སྤྱི་ཁྱབ་དྲུང་ཆེ་ཨེ་མཱ་ཌཱ་ནེ་(A. Madani)ལགས་ནས་དམིགས་བསལ་སྐུ་མགྲོན་དུ་གདན་འདྲེན་ཞུས་པ་ལྟར། འབྲི་གུང་༧སྐྱབས་མགོན་མཆོག་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་ཧིན་རྡུའི་བླ་ཆེན་ (H.H. swami chidanand saraswati)མཆོག་དང་། ཡི་ཤུ་དང་ཁ་ཆེའི་ཆོས་ཚོགས་རྣམས་ཀྱི་དབུ་འཛིན་ཁག་ཅིག དེ་བཞིན་རྒྱ་གར་གྱི་སྲིད་འཛིན་ཟུར་པ་གཞོན་པ་ཧཱ་མུ་ཌི་ཨེན་སཱ་རི་(Hamid Ansari)ལགས་ཀྱི་དབུས་སྲིད་དོན་པ་དང་ཚོང་དོན་པའི་དབུ་འཁྲིད། གཞན་ཡང་། ཕྱི་རྒྱལ་གཞུང་ཚབ་ཁག་གི་དཔོན་རིགས་ཁག་ཅིག་བཅས་ཕེབས་ཡོད་པ་དང་། མཛད་སྒོའི་ཐོག་འབྲི་གུང་༧སྐྱབས་མགོན་མཆོག་ནས་ཐུགས་དགྱེས་ཚོར་ཆེན་པོས་བླ་ཆེན་རྣམ་པར་མཇལ་འཕྲད་གནང་།

ཁ་ཆེའི་ཆོས་ཚོགས་དེའི་སྤྱི་ཁྱབ་དྲུང་ཆེ་མཱ་ཌཱ་ནེ་(Madani)ལགས་ཀྱིས་སྐར་མ་བཅུ་ཙམ་རིང་གསུང་བཤད་གནང་སྐབས། དེ་རིང་འདིར་སྨྱོང་གནས་ཀྱི་ཉིན་མཐའ་མར་ཚང་མ་འདིར་དགྱེས་འཛོམས་གནང་བར་འཚམས་འདྲི་དང་སྦྲགས། ང་ཚོ་འདིར་འདུ་འཛོམས་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཕན་ཚུན་མཉམ་མཐུན་དང་། ཕན་ཚུན་མཉམ་ལས་བཅས་ཀྱིས་སྤྱི་ཚོགས་བདེ་ཐང་དང་། འཛམ་གླིང་ཞི་བདེ་ཡོང་རྒྱུའི་ཆེད་དུ་ཡིན་སྐོར་དང་། ཧིན་རྡུའི་བླ་ཆེན་སི་ཝཱ་མི་(H.H.Swami)མཆོག་དང་། འབྲི་གུང་༧སྐྱབས་མགོན་མཆོག་རྣམ་གཉིས་ཀྱི་མཛད་པར་བསྔགས་བརྗོད་ཞུས་པ་དང་། ལྷག་པར་འབྲི་གུང་༧སྐྱབས་མགོན་མཆོག་ནས་ལྗང་སྒྱུར་རང་སྒྱུར་གྱི་མཛད་རྗེས་ལ་ཆེ་བསྟོད་ཆེན་པོ་ཞུས། གསུང་བཤད་གྲུབ་རྗེས་སི་ཝཱ་མི་མཆོག་དང་འབྲི་གུང་༧སྐྱབས་མགོན་མཆོག་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མེ་ཏོག་གི་ཆུན་བོ་ཕུལ་ཡོད་པ་དང་། འབྲི་གུང་༧སྐྱབས་མགོན་མཆོག་ནས་བཀྲིས་རྟགས་བརྒྱད་བུམ་གཟུགས་ཀྱི་ཞལ་ཐང་ཞིག་བཅས་ཕུལ་གནང་མཛད་དེ་བླ་ཆེན་ཞལ་འཛོམས་ཀྱི་སྐུ་པར་བསྒྲོན་རྗེས། ཁ་ཆེའི་ཐུན་མིན་གྱི་གསོལ་སྟོན་རྒྱས་པ་ཞིག་བཀྱགས་ནས་མཛད་སྒོ་གྲོལ་ཡོད་འདུག

འབྲི་གུང་༧སྐྱབས་མགོན་མཆོག་གི་མགྲིན་ཚབ་པ་མཁན་པོ་རང་གྲོལ་ནས་གནས་ཚུལ་མཁོ་གཏོང་གནང་།

བསྐྱར་བཅོས།: ༢༠༡༨/༠༦/༢༢

Leave a Reply