དེ་རིང་ཞོགས་པའི་ཆུ་ཚོད་ ༡༠།༣༠ ཐོག བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་མགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༢ པ་དང་སོ་ནམ་ཚོགས་ཆེན་ཐེངས་ ༡༠ པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བོད་མིའི་ངལ་སེལ་ལོ་འཁོར་ཚོགས་ཆེན་ཐེངས་ ༨ པ་བཅས་དུས་གཅིག་ཏུ་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་དབུ་འཛུགས་གནང་སོང་བ་དང་། སྐུ་མགྲོན་གཙོ་བོ་སྲིད་ཚབ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གི་དབུས་བཀའ་བློན་རྣམས་དང་། བོད་མིའི་གཞིས་ཆགས་ཁག་གི་ས་གནས་མགོ་འཛིན་དང་སྐུ་ཚབ་བཅས་མི་གྲངས་ ༤༣ འཛོམས་འདུག
ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་གསུངས་པ་ལྟར་ན། ཐེངས་འདིའི་ཉིན་གྲངས་ལྔ་རིང་གི་ཚོགས་ཆེན་ཐོག་གཙོ་བོ་དོན་ཚན་བདུན་གྱི་ཐད་ལ་གོ་བསྡུར་གནང་རྒྱུ་རེད། དང་པོ་ནི། བོད་མི་ཉུང་ཆས་ཤིག་མགོ་སྐོར་བླུ་བྲིད་འོག་ཏུ་ཚུད་དེ། བོད་མིའི་གཅིག་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་དང་། ༧གོང་ས་མཆོག་གི་མཛད་འཕྲིན་ལ་འགོག་རྐྱེན། སྐུ་ཕྱྭར་གནོད་པའི་བྱ་ངན་སོགས་ལ་དབུས་ས་གཉིས་ཀྱིས་ཁ་གཏད་དང་གདོང་ལེན་བྱས་ཏེ། ༧གོང་ས་མཆོག་གི་སྐུ་ཕྱྭར་འགོག་རྐྱེན་བར་ཆད་གང་ཡང་མི་ཡོང་བའི་གནང་ཕྱོགས་དང་། ས་གནས་མི་མང་སོ་སོ་ནས་དེའི་ཐད་ལ་བསམ་ཚུལ་ཇི་ཡོད་སྐོར་ཡིན་འདུག གཉིས་པ་ནི་ས་གནས་མགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༡ པའི་སྐབས་སུ་གྲོས་ཆོད་བཞག་པ་དེ་དག་ལག་ལེན་ཇི་བསྟར་སྐོར་ལ་བགྲོ་གླེང་། གསུམ་པ་རྒྱ་གར་དབུས་གཞུང་ནས་ ༢༠༡༤ ལོའི་བཙན་བྱོལ་བོད་མིའི་མཐུན་སྦྱོར་གནང་ཕྱོགས་ཀྱི་སྲིད་བྱུས་གང་དག་ལག་བསྟར་བྱས་མིན་དང་། གྲུབ་འབྲས་ཇི་བྱུང་། མ་འོངས་པར་བྱེད་འཆར་ཇི་ཡོད་སྐོར་ལ་གྲོས་བསྡུར་བྱ་རྒྱུ་ཡིན་འདུག ལྔ་པ་ནི་ལྔ་དང་ལྔ་བཅུའི་སྲིད་བྱུས་དགོངས་དོན་ལག་བསྟར་གང་ལེགས་སྐོར་ལ་གོ་བསྡུར། དྲུག་པ་ཕྱིས་སུ་བོད་ནས་འབྱོར་ཞིང་ས་ཁང་མེད་པའི་དཀའ་ངལ་སེལ་ཆེད་དུ་གཞིས་ཆགས་ཁག་ཏུ་ཞིང་ས་དང་ཁང་ས། ཁང་པ་སྟོང་པ་གང་ཡོད་དང་། གཞན་དཀའ་ངལ་སེལ་ཐབས་ཇི་ཡོད་སྐོར་ལ་གོ་བསྡུར་བྱ་རྒྱུ་ཡིན་འདུག
དེའི་རྗེས་ལྔ་དང་ལྔ་བཅུའི་སྲིད་བྱུས་སྐོར་ལ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས། ཐོག་མར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་དུས་བོད་དུ་མྱུར་བར་ལོག་ཐུབ་པའི་དགོངས་པ་བཞེས་པ་མ་གཏོགས་ལོ་ལྔ་བཅུ་དང་དྲུག་བཅུར་རྒྱ་གར་དུ་ལུས་རྒྱུ་ཡིན་པ་སུས་ཀྱང་བསམ་བློའི་ནང་འཁོར་ཐུབ་མེད་པས་དེ་ལ་དཔགས་པའི་ཕུགས་རྒྱང་རིང་པོའི་འཆར་གཞི་བཟོ་མ་ཐུབ་པ་དང་། དེའི་རྐྱེན་གྱིས་ད་ཆ་སྒྲིག་འཛུགས་ཚེགས་ཚུད་པོ་དང་འདོད་བློ་ཁེངས་པ་ཞིག་བྱུང་ཐུབ་མེད་པ་རེད། སྐྱོན་ཆ་དེ་ཐེངས་འདིའི་བཀའ་ཤག་གིས་ངོས་འཛིན་པའི་ཐོག་ནས་མ་འོངས་ལོ་ལྔ་བཅུའི་འཆར་གཞི་ད་ལྟ་ནས་འཐེན་དགོས་དང་། ཁ་ཚ་དགོས་གཏུག་གིས་མ་འོངས་ལོ་གསུམ་ནང་ས་གནས་སོ་སོའི་ནང་དུ་གཟེངས་སུ་ཐོན་པའི་བྱ་གཞག་གང་བྱེད་ཐུབ་མིན་སྐོར་ལ་གོ་བསྡུར་དགོས་པ་དང་། དེའི་ཆེད་དུ་ཉེ་ཆར་དམིགས་བསལ་ཆེད་ལས་པས་བོད་མིའི་གཞིས་ཆགས་ཁག་ཏུ་སྐོར་སྐྱོད་བྱས་ཏེ།འདས་པའི་འཛུགས་བསྐྲུན་ལས་གཞི་ལེགས་འགྲུབ་མ་བྱུང་བའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་མིན་དང་མ་འོངས་པར་གང་བྱེད་དགོས་མིན་སྐོར་གྱི་སྙན་ཐོ་གནང་འབྱོར་བྱུང་བ་དེ་དག་ཆེད་ལས་པས་ཚོགས་བཅར་བ་ཚོར་མིག་སྟོན་ཞུ་རྒྱུ་ཡིན་སྐོར་གསུངས་སོང་།
བོད་ནས་ཕྱིས་སུ་འབྱོར་ཞིང་སྡོད་ཁང་མེད་ཅིང་འཚོ་བའི་རྟེན་གཞི་ཞན་པ་དག་ལ་ཁང་ས་ཞིང་ས། ཡང་ན་ཁང་པ་སོགས་ཀྱི་མཐུན་རྐྱེན་སྐོར་ལ་ཁོང་གིས། གཞིས་ཆགས་ཁག་ནང་ལ་གཞུང་འབྲེལ་ལམ་སྒེར་གྱི་འགྲོ་སོང་བཏང་ནས་ཕྱི་རྒྱལ་ལ་ཕྱིན་ནས་ལོ་གསུམ་སོང་བ་རྣམས་ལ་གཞིས་ཆགས་ཀྱི་ས་ཁང་སྒྲིག་གཞི་ལྟར་ས་ཁང་ཞིང་ས་སོགས་གཞུང་ལ་ཕྱིར་སློག་བྱེད་དགོས་པ་དང་། དེ་བཞིན་ཕྱི་རྒྱལ་གྱི་མི་སེར་ལག་འཁྱེར་ཡོད་པ་དག་ལ་གཞིས་ཆགས་ཀྱི་ས་ཁང་གི་ཐོབ་ཐང་གཏན་ནས་མེད་པ་རེད། མ་ཟད་བཙན་བྱོལ་ནང་གི་བོད་མི་རྒྱ་གར་གྱི་མི་སེར་ལག་འཁྱེར་ཡོད་པ་རྣམས་བོད་པ་རེད་དམ་ཟེར་ན་རེད། འོན་ཀྱང་བཙན་བྱོལ་བོད་མིའི་ཐོབ་ཐང་ཚང་མ་འདོར་དགོས་པ་ལས་དེ་དག་གིས་གཞིས་ཆགས་ཀྱི་ས་ཁང་གི་བདག་དབང་ཁོང་ཚོར་ཡོད་ཟེར་ནས་རྩོད་གཞི་གཏན་ནས་ཡོད་པ་མ་རེད། གཞིས་ཆགས་ཀྱི་ནང་མི་ཆ་ཚང་ཕྱི་རྒྱལ་དུ་སོང་བའམ་རྒྱ་གར་གྱི་མི་སེར་ཡོད་ན་ས་ཁང་ཕྱིར་གཞུང་ལ་སློག་དགོས་པ་དང་། དེ་དག་བོད་ནས་ཕྱིས་སུ་འབྱོར་བའི་སྡོད་ཁང་མེད་པ་དག་ལ་བགོ་འགྲེམས་བྱེད་འཆར་ཡོད་ཅེས་གསུངས་སོང་།མཇུག་ཏུ་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གཞིས་ཆགས་སྲ་བརྟན་སྐོར་ལ། གཞིས་ཆགས་ཁག་ལ་ཕྱིའི་ཆ་རྐྱེན་འཛུགས་སྐྲུན་གཅིག་པུ་མིན་པར་གཞིས་མི་རྣམས་ཀྱི་གཞིས་ཆགས་ལ་སེམས་པ་ཆགས་ཐུབ་པ་བྱེད་དགོས་པ་དང་དེའི་ཐོག་ལ་གོ་བསྡུར་གནང་དགོས་པ་རེད་ཅེས་དང་། ཁོང་དགོན་སྡེ་གྲྭ་ཚང་དག་ལ་ལྟ་སྐོར་དུ་ཕྱིན་སྐབས། དགོན་སྡེ་གྲྭ་ཚང་གི་ཕྱིའི་འཛུགས་སྐྲུན་ཧ་ཅང་ཡག་པོ་ཡོད་པ་གང་ཞིག་ལ་ནང་དུ་གྲྭ་བཙུན་སྟོང་བཞིན་པའི་གནས་ཚུལ་དཔེར་བཞག་གནང་སོང་། དེ་བཞིན་རྒྱ་གར་དབུས་སའི་གཞུང་དང་ལྷན་དུ་ལས་དོན་བྱེད་དུས་ཐབས་བརྒྱ་ཇུས་སྟོང་དང་བོད་མིའི་ཡ་རབས་བཟང་སྤྱོད་མ་འདོར་བའི་ཐོག་ནས་གནང་རྒྱུ་དེ་གཞིས་ཆགས་སྲ་བརྟན་གྱི་སྲིད་བྱུས་ལ་འབྲེལ་བ་ཆེན་པོ་ཆགས་ཡོད་ལུགས་གསུངས་སོང་།
ཡང་ཁོང་གིས་ད་ཆ་ཆེས་ཛ་དྲག་གི་གནས་སྟངས་ཤིག་ནི། བོད་ཀྱི་ཆབ་སྲིད་རྩ་དོན་དང་བདེན་མཐའ་གསལ་ཐབས་དེ་༧གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་སུ་སྒྲུབ་ཐུབ་པ་བྱ་དགོས་པ་སོགས་གསུངས་ཡོད་པ་དང་། དེ་བཞིན་ཆོས་ཕྱོགས་ཀྱི་ཐོག་ནས་ལྷ་བླ་མའི་བཀའ་ལུང་ཕེབས་དུས་སྤྱི་མཐུན་གྱི་བསོད་ནམས་གསོག་དགོས་པ་གསུང་བ་བཞིན་དེའི་ཐད་ལ་དགོངས་པ་བཞེས་དགོས་ལུགས་སོགས་གསུངས་སོང་།
ཡང་ཁོང་གིས། ཆིག་སྒྲིལ་དང་དམངས་གཙོ་ང་ཚོ་ལས་ལྷག་པ་མེད་ཅེས་སྤོབས་པ་བྱས་ནས་ཡོད་པ་རེད། འོན་ཀྱང་འདས་པའི་ལོ་གཉིས་ཀྱི་ནང་དུ་གནས་ཚུལ་ལྷག་པ་དེ་དག་གིས་ང་ཚོའི་གནས་ཚད་གང་ལ་སླེབས་ཡོད་པ་བསྟན་ཡོད་པ་རེད། འཁྲུག་ཆོག་ཆོག་དང་གས་ཆོག་ཆོག་ཡོོད་པ་རེད། གོ་བརྡ་དེ་ང་ཚོར་འཕྲོད་པ་ཏོག་ཙམ་ཕྱིས་དྲག་ཡོད་པ་རེད། དེར་བརྟེན་ཆོལ་གསུམ་གཅིག་སྒྲིལ་དང་ཆོས་ལུགས་མཐུན་སྒྲིལ་ནི་བསྟན་སྲིད་དང་རྩ་དོན་གང་ལའང་ཐུག་ན་སྲོག་རྩ་ནང་བཞིན་ཆགས་ཡོད་པས་དེའི་འགོག་རྐྱེན་སྒྲུབ་སྟངས་དང་གདོང་ལེན་བྱེད་སྟངས་དེ་ཚང་མས་མི་རྣམས་ཀྱི་བསམ་བློར་གོ་བརྡ་ཞིག་སྤྲོད་དགོས་འདུག ཅེས་དང་། དེང་སང་༧སྐྱབས་མགོན་རིན་པོ་ཆེ་ལ་སྔར་ཐོས་མྱོང་མེད་པའི་མཚན་སྨོད་ཞུ་གི་འདུག དེས་མ་ཚད་༧སྐྱབས་མགོན་རིན་པོ་ཆེ་དང་ཆོས་ལུགས་དབུ་ཁྲིད་བླ་ཆེན་གཞན་བར་ལ་གནས་ཚུལ་འདྲ་མི་འདྲ་བཟོ་མཁན་ཡང་འདུག དེར་བརྟེན་དེང་སང་སྤྱི་ཚོགས་དྲྭ་རྒྱ་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་འདི་ལབ་འདུག་དེ་ལབ་འདུག་ཟེར་ནས་རྒྱུག་ཆོག་ཆོག་མ་བྱས་པར་བབ་ཆགས་པོ་དང་བག་ཕེབས་པོའི་སྒོ་ནས་གདོང་ལེན་བྱ་དགོས་ཀྱི་འདུག ཅེས་གསུངས་སོང་།
ཚེ་རིང་ནོར་བུ།