འབྲུག་ཆུ་ནས་བོན་གྱི་དཔེ་རྙིང་ཕོན་ཆེན་རྙེད།

འབྲུག་ཆུའི་བོད་སྡེ་བཞི་ནས་བོན་གྱི་དཔེ་རྙིང་པོད ༡༦ དང་ཤོག་ལྡེབ ༤༦༤༨། མཆོད་ཆས ༢༠ གསར་དུ་རྙེད་ཡོད་འདུགཟླ་འདིའི་ཕྱི་ཚེས་༢༣ ཉིན། རྒྱ་ནག་བོད་ཀྱི་དྲ་བ་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀན་ལྷོ་ཞིང་ཆེན་འབྲུག་ཆུ་རྫོང་གི་གནའ་དཔེ་སྔོག་འདོན་དག་སྒྲིག་དང་རྒྱུད་འཛིན་སྲུང་སྐྱོབ་ཚན་ཆུང་ཟེར་བ་དང་། འབྲུག་ཆུའི་བོན་གྱི་གནའ་དཔེ་རྟོག་ཞིབ་ཚན་ཆུང་ཟེར་བ་གཉིས་ཀྱི་ཚོགས་མི་ ༨ ཀྱིས། འབྲུག་ཆུའི་བོད་སྡེ་བཞི་རུ་བསྡོམས་པའི་བོན་གྱི་དཔེ་རྙིང་པོད ༡༦ དང་ཤོག་ལྡེབ ༤༦༤༨། མཆོད་ཆས ༢༠ གསར་དུ་རྙེད་ཡོད་འདུག

བོད་དཔེ་དང་བོན་ཆས་ཉར་ཚགས་བྱས་ཡོད་པའི་བོད་གྲོང་དེའི་དགུང་ལོ་ ༩༨ སོན་པའི་རྒན་པོ་བཟང་པོ་ཞེས་པ་ཞིག་གིས།  ཁོང་ཚང་གི་མི་རབས་དྲུག་གི་རིང་བོན་ཆོས་ཉམས་ལེན་གྱི་ཁྱིམ་རྒྱུད་ཡིན་པ་དང་། ཁོང་གི་ཨ་མྱེས་གསུངས་པ་ལྟར་ན་དཔེ་རྙིང་འདི་དག་ནི་སྟག་གཟིག་ནས་བྱུང་བ་དང་ཞང་ཞུང་ནས་དར། མི་རབས་ནས་བརྒྱུད་པའི་ཡུལ་ལྷ་གཞི་བདག་མཆོད་བཀུར་བྱེད་པའི་གཅེས་ནོར་དུ་གྱུར་ལ། རང་ཁྱིམ་དུ་ཉར་བའི་དཔེ་རྙིང་མང་པོ་གྲལ་རིམ་འཐབ་རྩོད་ཀྱི་ལས་འགུལ་དུ་ཉར་ལོངས་མ་བྱུང་བར་གཞུང་བཞེས་དང་མེ་རུ་བསྲེགས། ད་ལྟར་ཡོད་པའི་དཔེ་རྙིང་འདི་དག་ནི་སྐབས་དེར་སྲོག་ཉེན་ལ་མ་འཛེམས་པར་སྡེ་བའི་རྒྱབ་རིའི་བྲག་ཕུག་ཏུ་སྦས་ནས་ད་གཟོད་ད་ལྟའི་བར་དུ་གསང་བའི་སྒོ་ནས་ཉར་ཐུབ་པ་བྱུང་བ་རེད། ཅེས་བརྗོད་འདུག

ཐེངས་འདིའི་དཔེ་རྙིང་འཚོལ་ཞིབ་ནི་ད་ལོའི་ཕྱི་ཟླ ༥ ཚེས་༢༧ ནས་མགོ་བཙུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་འབྲུག་ཆུ་རྫོང་གི་བོད་སྡེ་ཞིག་ནས་བོན་གྱི་ཡིག་རྙིང་ཕོན་ཆེན་པོ་གསར་དུ་རྙེད། ད་ལོ་བསྐྱར་དུ་འབྲུག་ཆུའི་ཧྥུན་ཏས་དང་སྦྲ་རྫོང་། ཧན་པན། ཆུ་མགོ་ནང་། གོང་སྨད། བོད་ཡུལ་ཞིང་ཟེར་བ་སོགས་སུ་གནའ་བོའི་བོན་གྱི་དཔེ་རྙིང་འཚོལ་སྒྲིག་བྱས་ཡོད་ན་ཡང་། ཡིག་རྙིང་གསར་རྙེད་བྱུང་སའི་བོད་སྡེ་དག་གང་ཞིག་ཡིན་པའི་མིང་སོགས་གསལ་བོ་བཀོད་མི་འདུག

འཚོལ་ཞིབ་ཚོགས་ཆུང་གི་ཚོགས་མི་ཞིག་གིས་གསར་དུ་རྙེད་པའི་བོན་ཆོས་ཀྱི་ནང་དོན་ལ་བོད་ཁུལ་གྱི་རི་ཀླུང་དང་ཡུལ་ལྷ་གཞི་བདག་གི་བྱུང་བ། ལྷ་སྲུང་གི་མཆོད་བཀུར། མོ་དང་རྩིས་དཔྱད་སོགས་འདུས་ཡོད་པ་དང་། ཡིག་རྙིང་གི་ཚིག་ཕྲེང་མང་པོར་སྟག་གཟིག་དང་ཞང་ཞུང་། སུམ་པ། རྒྱ་གར། རྒྱ་ནག་སོགས་ཀྱི་ནང་དོན་བཀོད་འདུག བོན་གྱི་ཡིག་རྙིང་འདི་དག་གི་འབྲི་སྟངས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས། ཡི་གེར་བྲིས་པའི་ལོ་ཚིགས་ད་དུང་ཞིབ་འཇུག་གིས་བདེན་དཔང་བྱ་དགོས་ན་ཡང་། དེ་དག་ལས་བོད་ཀྱི་ས་མིང་རིག་གནས་དང་ཡུལ་ལྷ་གཞི་བདག་རིག་གནས། གདོད་མའི་བོན་གྱི་རིག་གནས། དམངས་སྲོལ་རིག་གནས་སོགས་ལ་ཞིབ་འཇུག་བྱེད་པར་རྒྱབ་རྟེན་ཁུངས་འཕེར་ཞིག་མཁོ་སྤྲོད་བྱས་ཡོད་སྐོར་བརྗོད་འདུག

ཡང་ཁོང་གིས། ཐེངས་འདིར་གསར་དུ་རྙེད་པའི་བོན་གྱི་དཔེ་རྙིང་དེ་དག་གི་འབྲི་ཤོག་རྙིང་ཧྲུལ་དུ་གྱུར་ཡོད་པ་དང་། གླེགས་བམ་རེ་རེའི་ཆེ་ཆུང་འདྲ་མིན་དང་ཤོག་རྒྱུ་མཁྲེགས་པོ་དང་ཤོག་ལྡེབ་མང་པོ་ལྷན་དུ་འབྱར་ཞིང་། ཤོག་ངོས་རྩུབ་རག་ཆགས། བྲིས་ཆ་ལ་གསེར་བྲིས་དང་དངུལ་བྲིས། མཚལ་བྲིས། སྣག་བྲིས་ཡོད་པ། དབུ་ཤོག་ཏུ་མཚན་བྱང་ལས་གཞན་རྒྱན་རིས་སྣ་ཚོགས་དང་བྱ་ཁྱུང་སོགས་རི་མོས་བརྒྱན་ལ་མཚོན་མདངས་བཀྲ། དཔེ་རྙིང་གི་འབྲི་སྟངས་ལ་དབུ་ཅན་དང་དབུ་མེད། འཁྱུག་བྲིས། ཚུགས་མ་འཁྱུག་སོགས་ཡོད་པ་དང་། དབུ་མེད་སུག་ཐུང་གི་ཡིག་ཕྲེང་དུ་སྐུང་ཡིག་ཅུང་མང་ཞིང་ཨང་ཡིག་དང་གཟུགས་མཚོན་ཡི་གེའང་མང་པོ་ཡོད་སྐོར་བརྗོད་འདུག

རྟོག་ཞིབ་ཚན་ཆུང་གིས་གསར་དུ་རྙེད་པའི་དཔེ་རྙིང་དེ་དག་དག་སྒྲིག་དང་པར་བཤུ་ཕྱོགས་གཞན་ཞིག་ནས་དཔེ་རྙིང་ཉར་མཁན་ཁྱིམ་ཚང་གི་དཔེ་རྙིང་དང་མཆོད་ཆས་ཐོ་འགོད་བྱས་ཡོད་པ་དང་། བརྙན་གཟུགས་དང་སྒྲ་ཕབ་ཀྱི་ཐབས་སྤྱད་དེ་རིན་ཐང་ཆེ་བའི་ཐོག་མའི་དཔྱད་ཡིག་མང་པོ་བསྡུ་རུབ་བྱས་ཡོད་འདུག དཔེ་རྙིང་དེ་དག་ནི་ལོ་ཚིགས་རིང་བ་དང་ཉར་འཇོག་ཆ་རྐྱེན་ཞན་པས་བདག་དམ་ཡག་པོ་མེད་རྐྱེན། དཔེ་རྙིང་གི་དྲས་མཚམས་ཐེད་པོར་གྱུར་ཏེ་ཡི་གེའི་ངོས་མི་ཟིན་པ་དང་། དཔེ་རྙིང་ལ་ལ་རྙིང་རུལ་དུ་གྱུར་ནས་ཡི་གེར་སླད་སྐྱོན་བྱུང་བའམ་འབྱར་ནས་ཁ་ཕྱེ་མི་ཐུབ་པ་སོགས་བྱུང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༢༤

Leave a Reply