རྒྱལ་སྤྱིའི་གློག་བརྙན་བྱ་དགའ་གཉིས་ཐོབ།

བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱིས་འཁྲབ་འཁྲིད་གནང་བའི་《ང་ཡི་ཆང་གསོལ་རོགས་》ཞེས་པའི་བོད་ཀྱི་གློག་བརྙན་དེར་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བྱ་དགའ་ཆེན་པོ་གཉིས་ཐོབ།

ཁ་སང་ཕྱི་ཚེས་ ༢༤ ཉིན་གྱི་དགོང་མོར། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ ༢༡ པའི་ཐོག་ཅིན་ཅུའེ་བྱ་དགའ་ཐོབ་མཁན་ ༡༠ ལ་བྱ་དགའ་སྤྲོད་པའི་མཛད་སྒོ་ཚོགས་ཡོད་པ་དང་། བོད་ཀྱི་གློག་བརྙན་བཟོ་སྐྲུན་པ་ཟོན་ཐར་རྒྱལ་ལགས་ཀྱིས་འཁྲབ་འཁྲིད་བྱས་པའི་《ང་ཡི་ཆང་གསོལ་རོགས་》ཞེས་པར་ཆེས་ལེགས་ཤོས་ཀྱི་འཁྲབ་གཞུང་བྱ་དགའ་དང་། དཔྱད་འདེམས་ལྷན་ཚོགས་ཀྱི་བྱ་དགའ་ཐོབ་ཡོད་འདུག

ཐེངས་འདིའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཐོག་འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་ཁག་ ༡༠༨ ནས་ཁྱོན་གློག་བརྙན་ ༣༤༤༧ འགྲན་སྡུར་ནང་ཞུགས་ཡོད་པ་དང་། དེའི་ཁྲོད་ནས་གློག་བརྙན་ ༡༣ ཅིན་ཅུའེ་བྱ་དགའ་དཔྱད་འདེམས་ནང་ཚུད་ཡོད་འདུག

《ང་ཡི་ཆང་གསོལ་རོགས་》ཞེས་པ་ནི་བོད་རྒྱལ་རོང་ཕྱོགས་ཀྱི་ཡུལ་སྲོལ་གོམས་གཤིས་གཙོར་བཟུང་གིས་འཁྲབ་ཡོད་པ་དང་། གློག་བརྙན་དེའི་ནང་བུད་མེད་ཅིག་གིས་རང་ཉིད་ཀྱི་ནད་གཞིའི་གནས་ཚུལ་དང་། མོ་རང་གི་ཁྱོ་ག་སྔ་མའི་བར་གྱི་འབྲེལ་བ་གསང་བ་བྱས་ནས་ལྷ་སར་འབྲོ་རྒྱུ་ཐག་བཅད་པ་དང་།  ལྷ་སར་ཕྱིན་པའི་ཡུན་རིང་གི་འགྲུལ་བཞུད་ཁྲོད་མོའི་སེམས་ཀྱི་གསང་བ་རེ་རེ་བཞིན་ཕྱིར་བསྟན་ཏེ། མོའི་ཁྱོ་ག་སྔ་ཕྱི་གཉིས་ཀྱི་བརྩེ་དུང་ཁྲོད་ཀྱི་ཀུན་སྤྱོད་དང་བརྩེ་སེམས་མཚོན་ཐབས་བྱས་ཡོད་པ་དང་། དད་མོས་དང་འགན་འཁྲིའི་གཏམ་རྒྱུད་ཅིག་ཡིན་འདུག

གློག་བརྙན་འཁྲབ་འཁྲིད་པ་ཟོན་ཐར་རྒྱལ་ལགས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནང་ཞུགས་ཐེངས་གསུམ་པ་དེ་ཡིན་པ་དང་། ཕྱི་ལོ་ ༢༠༡༥ ལོར་ཁོང་གི་གློག་བརྙན་གཙང་པོ་ཞེས་པ་དེ་བརྒྱུད་ནས་འཁྲབ་སྟོན་མ་དབྱངས་ཅན་ལྷ་མོར་ཨ་ཤེ་ཡ་གླིང་གི་མི་སྣ་གསར་པ་ཞེས་པའི་གཟེངས་རྟགས་ཐོབ་མྱོང་། ཁོང་གི་གློག་བརྙན་བརྩམས་ཆོས་རིང་ཤོས་གསུམ་པ་《ང་ཡི་ཆང་གསོལ་རོགས་》ཞེས་པ་འདི་བོད་ཀྱི་གཞས་པ་གཡུང་དྲུང་རྒྱལ་དང་ན་གཞོན་འཁྲབ་སྟོན་པ་ཉི་མ་སྲུང་། སྲས་མཆོག་རྒྱལ་གསུམ་གྱིས་གཙོ་འཁྲབ་བྱས་པའི་རྒྱལ་རོང་སྐད་ཀྱི་གློག་བརྙན་ཐོག་མ་དེ་ཡིན་འདུག

བསྐྱར་བཅོས།: ༢༠༡༨/༠༦/༢༥

Leave a Reply

2 thoughts on “རྒྱལ་སྤྱིའི་གློག་བརྙན་བྱ་དགའ་གཉིས་ཐོབ།