མཱ་སི། ངའི་ཚེ་སྲོག་ནི་ཁྱེད་ཀྱི་ཆེད་དུ་ཡིན།

འཛམ་གླིང་རྐང་སྤོལ་འགྲན་སྡུར་ཁྲོད་ཨར་རྗིན་ཊི་ནཱ་རྐང་སྤོལ་རུ་ཁག་གིས་འགྲན་སྡུར་ཤོར་བར་བརྟེན་རྒྱ་གར་གྱི་སྐྱེས་པ་ཞིག་བློ་ཕམ་གྱིས་གཙང་བོར་མཆོངས་ཏེ་རང་ཤི་བརྒྱབས་ཡོད་འདུག དེ་རིང་རྒྱ་གར་གསར་ཁང་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གྱི་འཛམ་གླིང་གསེར་གྱི་རྟགས་མའི་རྐང་སྤོལ་འགྲན་སྡུར་ཁྲོད། ཨར་རྗིན་ཊི་ནཱ(Argentina)དང་ཁེ་རོ་ཤི་ཡ་(Croatia)རྒྱལ་ཁབ་གཉིས་ཀྱིས་འགྲན་སྡུར་བྱས་ཏེ་ཨར་རྫིན་ཊི་ནཱའི་རྐང་སྤོལ་རུ་ཁག་ལ་ཕམ་ཁ་ཆེན་པོ་བྱུང་བར་བརྟེན། རྒྱ་གར་ལྷོ་ཕྱོགས་ཀེ་ར་ལའི་ཨ་རོ་མཱ་ནོར(Arumanoor) གྲོང་སྡེ་ནས་ཡིན་ཞིང་། མིང་ལ་དྷེ་ནོ་ཨེ་ལེག་རྫི་(Dinu Alex)ཞེས་པའི་མི་ཞིག་གིས་རང་ཉིད་ཆེས་དགའ་བའི་ཨར་རྗིན་ཊི་ནཱ་ཡིས་ཤོར་སོང་བར་བློ་ཕམ་ཧ་ཅང་ཆེན་པོ་བྱུང་སྟེ། ནང་དུ་ཡི་གེ་ཞིག་བཞག་སྟེ་ཁོ་རང་འཇིག་རྟེན་འདིར་ཡུན་རིང་འཚོ་འདོད་མི་འདུག་ཅེས་བརྗོད་དེ་ཉེ་འགྲམ་གྱི་གཙང་བོར་མཆོངས་ནས་རང་ཤི་བརྒྱབས་ཡོད་འདུག

ས་གནས་ཉེན་རྟོག་ཁང་གིས་བརྗོད་པ་ལྟར་ན། དྷི་ནོ་ཨེ་ལེག་རྫི་ཕྱི་ཚེས་༢༡ ཉིན་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁོས་ཤུལ་དུ་ཡི་གེ་བཞག་པའི་ནང་ཨར་རྗིན་ཊི་ནཱ་རྒྱལ་ཁབ་ཀྱི་རྐང་སྤོལ་རྩེད་འགྲན་པ་དང་རྐང་སྤོལ་རུ་ཁག་གི་རུ་དཔོན་ལོའུ་ནལ་མཱ་སེ་(Lionel Messi)རྩེད་སྟངས་སྐྱོ་བོ་ཡིན་པ་དེས་སེམས་ཧ་ཅང་སྐྱོ་བ་དང་། ད་ལྟ་ཁོ་ལ་འཇིག་རྟེན་འདིར་མཐོང་དགོས་པ་གང་ཡང་ལྷག་མ་སོང་བས་རང་ཤི་རྒྱག་རྒྱུ་ཡིན་ལ། ཁོའི་ཤི་རྐྱེན་ལ་སུ་ཞིག་གིས་ཀྱང་འགན་འཁུར་མི་དགོས་ཞེས་བྲིས་ཡོད་སྐོར་དང་། ཡང་ཉེན་རྟོག་པས་འབྲི་དེབ་གཞན་ཞིག་གི་ནང་ཁོས་ཨར་རྗིན་ཊི་ནཱ་ཡི་རུ་དཔོན་ལོའུ་ནཱལ་མཱ་སེ་ལ་ངའི་ཚེ་སྲོག་ནི་ཁྱེད་ཀྱི་ཆེད་དུ་ཡིན། ཁྱེད་ཀྱིས་འཛམ་གླིང་གསེར་སྤོལ་རྟགས་མ་ལག་ཏུ་ཡར་བཀྱག་ནས་ཡོད་པར་སྒུག་འདུག་ཅེས་བྲིས་ཡོད་སྐོར་བརྗོད་འདུག

ཁོའི་པ་ལགས་ཀྱིས་ཉེན་རྟོག་པར་ཁོ་ནམ་རྒྱུན་ཨར་རྗིན་ཏི་ནཱ་ཡི་རུ་དཔོན་མཱ་སེ་ལ་དགའ་མོས་ཆེན་པོ་ཡོད་པ་དང་། དགོང་མོ་དེར་ཁོས་ཨར་རྗིན་ཊི་ནཱ་དང་ཁེ་རོ་ཏི་ཡ་གཉིས་ཀྱི་རྐང་སྤོལ་འགྲན་བསྡུར་ལ་བལྟས་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཉིན་གཉིས་ཀྱི་རྗེས་སུ་ཕུང་པོ་ཉེ་འགྲམ་གྱི་གཙང་བོའི་ཟམ་འོག་ཞིག་ནས་རྙེད་སོན་བྱུང་། དྷེ་ནོ་ཨེ་ལེག་རྫི་རང་ལོ་ ༣༠ ཡིན་པ་དང་རྫས་འགྱུར་རིག་པའི་ཐོག་སློབ་གཉེར་བྱས་ཏེ་སྒེར་གྱི་ལས་ཁུངས་ཤིག་ཏུ་རྩིས་པའི་ལས་ཀ་གཉེར་གྱི་ཡོད་འདུག

ད་ལོའི་རྐང་རྩེད་སྤོ་ལོའི་ཐོག་མའི་སྡེ་ཚན་ནང་ཨར་རྗིན་ཊི་ནཱ་ཡིས་ཨ་སི་ལན་ཊི་(Iceland)དང་བསྡུར་ཏེ་གཅིག་གཅིག་འདྲ་མཉམ་ཆགས་ཡོད་པ་དང་། ཁེ་རོ་ཤི་ཡ་(Croatia)མཉམ་དུ་རྩེས་ཏེ་ཨར་རྗིན་ཊི་ནཱ་ཀླད་ཀོར་དང་། ཁེ་རོ་ཤི་ཡ་ལ་གསུམ་ཐོབ་ཡོད་པ་རེད། སང་ཉིན་ཕྱི་ཚེས་ ༢༦ ཉིན་ཨར་རྗིན་ཊི་ནཱ་དང་ནཱ་རྗི་རེ་ཡ་(nigeria)གཉིས་ཀྱིས་འགྲན་སྡུར་བྱ་རྒྱུ་ཡིན་པ་དང་། གལ་ཏེ་ཨར་རྗན་ཊེ་ན་ཐེངས་འདིར་ཤོར་བ་ཡིན་ན་ད་ལོའི་ཧྥེ་ཧྥ་གསེར་སྤོལ་འགྲན་བསྡུར་ཁྲོད་ནས་འབུད་དགོས་བྱུང་གི་ཡོད་པ་རེད།

ཨར་རྗིན་ཊི་ནཱ་རྒྱལ་ཁབ་ནི་འཛམ་གླིང་གསེར་གྱི་རྟགས་མའི་རྐང་སྤོལ་མགོ་ཚུགས་པ་ནས་རྩེད་འགྲན་ཁྲོད་ནམ་རྒྱུན་ཡག་ཤོས་གྲས་སུ་སླེབས་བཞིན་ཡོད་པ་དང་། ཕྱི་ལོ་༡༩༧༨ ལོ་དང་ ༡༩༨༦ ལོ་གཉིས་ལ་འཛམ་གླིང་ཧྥེ་ཧྥ་རྐང་སྤོལ་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་། ཕྱི་ལོ་༡༩༣༠ དང་༡༩༩༠། ༢༠༡༤ བཅས་ལོ་གསུམ་ལ་ཨང་གཉིས་པ་ཐོབ་ཡོད་འདུག ལྷོ་ཨ་མི་རི་ཁའི་རྐང་སྤོལ་རྩེད་འགྲན་ཁྲོད་ཐེངས་༡༤ ལྷག་ལ་ཐོབ་ཡོད་པ་དང་། དེ་མིན་པའི་འཛམ་གླིང་ཨོ་ལིམ་ཕིག་རྩེད་འགྲན་སོགས་སུ་ཐེངས་མང་ཐོབ་ཡོད་པར་བརྟེན། འཛམ་གླིང་ཡོངས་ཀྱི་རྐང་སྤོལ་ལྟད་མོ་བ་ཚོས་དང་བ་འདྲེན་ཡུལ་ཞིག་ཆགས་ཡོད་པ་རེད། ཡིན་ནའང་། ཐེངས་འདིར་ནམ་རྒྱུན་རྐང་སྤོལ་རྩེད་མོ་དེ་ཙམ་ཡག་པོར་མི་བརྩིོ་བའི་ཁེ་རོ་ཤི་ཡ་དང་མཉམ་དུ་གསུམ་དང་ཀླད་གོར་ཆགས་ཏེ་ཤོར་བ་དེས་མི་རྣམས་ཧང་སང་དུ་བཅུག་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༢༥

Leave a Reply

4 thoughts on “མཱ་སི། ངའི་ཚེ་སྲོག་ནི་ཁྱེད་ཀྱི་ཆེད་དུ་ཡིན།

  1. རྡོ་སེངྒེ།

    གདོན་འདྲེས་བཟུང་ཕྱིན་པ་འདྲ།
    དེ་མིན་ཀླད་པར་སྐྱོན་ཤོར་ནས་བདེ་སྐྱིད་འཚོལ་མ་ཤེས་པའི་དེང་གི་མི།