བོད་ཀྱི་མཛངས་པ་ཉི་མ་ལཊ་གོ་ལའི་མཛངས་པ་འགྲན་སྡུར་ནང་ཞུགས་རྒྱུ་རེད།

བོད་ཀྱི་མཛངས་པ་ཉི་མ་ལགས་ཐའེ་ལན་ཌིའི་རྒྱལ་ས་བྷན་ཀོག་ནང་འཚོགས་འཆར་ཡོད་པའི་གོ་ལའི་མཛངས་པ་འགྲན་སྡུར་ནང་ཞུགས་རྒྱུ་ཡིན་པས་བོད་རིགས་སྤུན་ཟླ་ཚོས་མུ་མཐུད་ཁོང་ལ་རྒྱབ་སྐྱོར་གནང་རོགས་ཟེར།འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༢ ནས་ ༢༡ ཉིན་བར་ཐའེ་ལན་ཌིའི་རྒྱལ་ས་བྷན་ཀོག་ནང་ཚོགས་འཆར་ཡོད་པའི་གོ་ལའི་མཛངས་པ་འགྲན་བསྡུར་ཐེངས་ ༥ པའི་སྟེང་། ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་མཛངས་པ་ཉི་མ་ལགས་མཉམ་ཞུགས་གནང་རྒྱུ་ཡིན་པ་དང་། ཐེངས་འདིའི་འགྲན་སྡུར་ནང་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་ ༤༠ ནས་མཛངས་པ་འགྲན་ཞུགས་པ་ ༤༠ མཉམ་ཞུགས་བྱ་རྒྱུ་ཡིན་འདུག

འདི་གའི་གསར་འགོད་པས་བོད་ཀྱི་མཛངས་པ་ཉི་མ་ལགས་སུ་ཐེངས་འདིར་གོ་ལའི་མཛངས་པའི་འགྲན་སྡུར་ཁྲོད་ག་འདྲ་བྱས་ཏེ་ཞུགས་ཐུབ་པ་བྱུང་བའི་སྐོར་དྲིས་པར་ཁོང་གིས། ང་རང་ལ་མཚོན་ན། སྔར་ལོ་བོད་ཀྱི་མཛངས་པའི་ནང་ཞུགས་སྐབས་ནས་མཛངས་པའི་རྒྱལ་ཁ་ཐོབ་པ་ཡིན་ན་མ་འོངས་པར་གོ་ལའི་མཛངས་པ་འགྲན་སྡུར་ནང་ཞུགས་རྒྱུའི་གོ་སྐབས་ཡོད་པ་རེད་ཅེས་བཤད་པ་ལྟར། ང་རང་གིས་གོ་ལའི་མཛངས་པ་འགྲན་སྡུར་གྱི་སྡིངས་ཆ་དེ་གལ་ཆེན་པོ་དང་ནུས་པ་ཆེན་པོ་ཞིག་མཐོང་བསྡད་ཡོད། ཐེངས་འདིར་གོ་ལའི་མཛངས་པ་འགྲན་སྡུར་ཁྲོད་ཞུགས་པར་ང་རང་གི་ངོས་ནས་གོ་ལའི་མཛངས་པའི་གོ་སྒྲིག་ཚོགས་ཆུང་ལ་ཡིག་ངག་གཉིས་ཐོག་ནས་འབྲེལ་བ་བྱས་པ་མ་ཟད། དེ་མིན་ཕྱོགས་གང་སར་འབྲེལ་བ་བྱས་ཀྱང་འཛུལ་ཞུགས་མ་ཐུབ་པའི་དཀའ་ངལ་ཆེན་པོ་བྱུང་སོང་། རྒྱལ་ཁབ་གཞན་པའི་འཛུལ་ཞུགས་པ་ཚོ་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་དུས། ལས་སླ་བོའི་འཛུལ་ཞུགས་ཐུབ་ན་ཡང་བོད་ལ་རང་དབང་མེད་པ་དང་ལྷག་པར་དུ་སྐྱབས་བཅོལ་བ་ཡིན་དུས་གོ་སྒྲིག་ཚོགས་ཆུང་གིས་ང་ལ་ཁྱོན་ནས་ཡ་ལན་ཡག་པོ་ཞིག་སྤྲད་མ་སོང་། ཞེས་བརྗོད་བྱུང་།

ཁོང་གིས་མུ་མཐུད། ང་ལ་ཕྱི་རྒྱལ་བ་གྲོགས་པོ་ཞིག་ཡོད་པ་ཁོ་རང་ངའི་སྐོར་ལ་རྒྱུས་མངའ་ཡག་པོ་ཡོད་པ་རེད། ངས་ཁོང་ལ་ཞུས་ཏེ་ཐེངས་འདིར་གོ་ལའི་མཛངས་པའི་འགྲན་སྡུར་ནང་ཞུགས་པར་ཐབས་ཤེས་མང་པོ་བྱས་ན་ཡང་དཀའ་ལས་ཁག་པོ་ཆགས་སོང་། ཁོ་རང་ནམ་རྒྱུན་ཐའེ་ལན་ཌི་ལ་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་དུས་ཐེངས་འདིར་ང་གོ་ལའི་མཛངས་པ་འགྲན་སྡུར་ཁྲོད་ཞུགས་པར་དམིགས་ཡུལ་དང་འཆར་གཞི་ཆེན་པོ་ཞིག་ཡོད། བོད་ལ་མཚོན་ན། ང་རང་མཛངས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད། ང་རང་ལ་མཚོན་ན། བོད་ཀྱི་མཛངས་པ་དང་པོ་དེ་ཡིན་དུས་འགན་ཞིག་འཁུར་ནས་ལམ་ཁ་ཞིག་བཟོ་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་དང་། ལྷག་པར་དུ་ང་རང་བོད་ཀྱི་ཁྱིམ་ཚང་སྐྱོ་བོ་ཞིག་ནས་སྐྱེས་ན་ཡང་དམིགས་ཡུལ་ཞིག་བཟུང་ནས་དཀའ་ལས་བརྒྱབས་ཏེ། ད་ལྟ་གནས་བབ་འདི་འདྲ་ཞིག་ཏུ་སླེབས་ཡོད་ལ་ད་དུང་མུ་མཐུད་དམིགས་ཡུལ་ཆེན་པོ་ཡོད་ཅེས་བརྗོད་དེ། མཐའ་མར་ཁོང་གིས་ཕར་ཕྱོགས་ལ་འབྲེལ་བ་བྱས་ཏེ་ཡིག་ཆ་སོགས་ཚང་མ་བཟོས་པ་ལྟར། བདུན་ཕྲག་གཅིག་ཙམ་ཞིག་གི་གོང་ང་གོ་ལའི་མཛངས་པའི་འགྲན་སྡུར་ཁྲོད་ཚུད་ཡོད་པའི་བརྡ་ལན་བསླེབས་སོང་། ཞེས་བརྗོད་བྱུང་།

ཐེངས་འདིའི་འགྲན་སྡུར་ནང་རྒྱ་ནག་གི་འགྲན་ཞུགས་པའང་ཡོད་པས་ཆབ་སྲིད་སོགས་ཀྱི་དཀའ་རྙོག་བཟོ་མིན་དང་གོ་ལའི་མཛངས་པའི་འགྲན་སྡུར་ཁྲོད་རྒྱལ་ཁ་འཐོབ་པའི་རེ་བ་ག་འདྲ་ཞིག་ཡོད་མེད་སྐོར་ལ་ཁོང་གིས། ཐེངས་འདིར་ང་རང་ཐེ་ལན་ཌི་རྒྱལ་ཁོངས་སུ་འཛུལ་བར་ལག་དེབ་སེར་པོའི་སྒང་ནས་འཛུལ་ཞུགས་བྱ་དགོས་ཡོད་པ་རེད། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ང་ལ་ཕྱི་སྐྱོད་ལག་འཁྱེར་ཡོད་ཤག་བྱས་ཏེ་དང་ཐོག་འཛུལ་ཞུགས་མི་ཐུབ་པ་ཞིག་བྱུང་སོང་། ང་རང་གི་ལོ་རྒྱུས་སོགས་ཚང་མ་ཁོ་ཚོར་སྤྲད་དེ་དྲ་རྒྱའི་ངོས་སུ་སྤེལ་ཡོད་པས་རྒྱ་ནག་ཕྱོགས་ནས་རྙོག་དྲ་བཟོ་སྲིད་པ་རེད་བསམ་སོང་ཡང་། ད་ལྟའི་བར་གང་ཡང་བྱུང་མ་སོང་། འོན་ཀྱང་། མ་འོངས་པར་དངོས་སུ་འཛུལ་ཞུགས་སྐབས་བཟོ་མི་སྲིད་པ་མ་རེད། གང་ལྟར་ང་རང་ངོས་ནས་ཐེངས་འདིར་འཛུལ་ཞུགས་ཐུབ་སོང་བར་རེ་བ་ཆེན་པོ་ཞིག་འགྲུབ་སོང་བསམ་ཡོད་ལ། ང་དང་མཉམ་དུ་འཛུལ་ཞུགས་མཁན་ཚང་མ་རྒྱལ་ཁབ་ཡོད་པའི་མི་སྣ་རྐྱང་རྐྱང་ཆགས་ཀྱི་ཡོད་དུས་སེམས་ཚོར་ཆེན་པོ་བྱུང་སོང་། ཐེངས་འདིར་ཐོབ་ཤོར་ག་རེ་བྱུང་ཡང་སོ་སོའི་ངོས་ནས་ཡག་ཤོས་བྱེད་ཀྱི་ཡིན་ལ་ང་ཚོར་འཐོབ་ཐུབ་པའི་རེ་བ་ཡོད་པ་རེད་བསམ་ཡོད། མི་མང་ངོས་ནས་ང་ལ་ནམ་རྒྱུན་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་འདུག་ལ། ཐེངས་འདིར་གོ་ལའི་འགྲན་སྡུར་གྱི་དྲ་ལམ་འོས་བསྡུར་སོགས་ལ་བོད་རིགས་སྤུན་ཟླ་ཚོས་མཉམ་ཞུགས་དང་རྒྱབ་སྐྱོར་བྱེད་རོགས་གནང་། ཞེས་བརྗོད་བྱུང་།གོ་ལའི་མཛངས་པ་འགྲན་སྡུར་ནི་ཕྱི་ལོ་༢༠༡༤ ལོ་དངོས་སུ་མགོ་ཚུགས་ཏེ་ད་ལོ་ནས་ལོ་ ༥ འགྲོ་བཞིན་ཡོད་པ་དང་། གོ་ལའི་མཛངས་པའི་དབུས་ལས་ཁུངས་ཐའེ་ལན་ཌིའི་རྒྱལ་ས་བྷན་ཀོག་ཏུ་ཡོད་པ་དང་། ད་ལྟའི་བར་འགྲན་སྡུར་ཐེངས་ ༤ བསྟུན་མར་ཐའེ་ལན་ཌའི་གྲོང་ཁྱེར་ཁག་ཅིག་གི་ནང་བྱས་ཡོད་པ་དང་ད་ལོ་ཡང་ཐའེ་ལན་ཌའི་ནང་འཚོགས་འཆར་ཡོད་འདུག གོ་ལའི་མཛངས་པ་འགྲན་སྡུར་ཐེངས་དང་པོའི་ཐོག་རྒྱལ་ཁབ་ ༥༠ ལྷག་གི་མཛངས་པ་མཉམ་ཞུགས་བྱས་ཏེ། འབར་མའི་སྐྱེས་པ་མཱ་ཊི་ཐོ་ཡཱ་ལེ་ཝན(Myat Thuya Lwin)ལ་རྒྱལ་ཁ་ཐོབ་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་ཝེ་ཋི་ནམ་གྱི་སྐྱེས་པ་(Nguyễn Văn Sơn) ལ་ཐོབ། ཕྱི་ལོ་༢༠༡༦ ལོར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེས་པ་ཐོ་མཱ་སི་མར་ཊིན་ཀཱ་(Tomáš Martinka)ལ་ཐོབ། ཕྱི་ལོ་ ༢༠༡༧ ལོར་བྷིར་ཛིལ་རྒྱལ་ཁབ་ཀྱི་སྐྱེས་པ་པི་ཌོ་ཧེན་རི་ཁུ་ཇི་ཀ་(Pedro Henrique Gicca)བཅས་སུ་ཐོབ་ཡོད་འདུག དེང་སང་ཡུལ་ཕྱོགས་གང་སར་འཛམ་གླིང་མཛངས་པ་དང་རྒྱལ་སྤྱིའི་མཛངས་པ། གོ་ལའི་མཛངས་པ་ཟེར་བ་སོགས་ཀྱི་སྡིངས་ཆ་སྣ་ཚོགས་ཤིག་ཡོང་གི་ཡོད་པ་ལས། གོ་ལའི་མཛངས་པ་འགྲན་སྡུར་ནི་ཅུང་ཁྱབ་ཆེ་ཤོས་དང་འཛུལ་ཞུགས་པ་མང་ཤོས་ཤིག་ཆགས་ཀྱི་ཡོད་འདུག

ཉི་མ་ལགས་ནི་ད་ལྟ་རང་ལོ་ ༢༥ ཡིན་པ་དང་ཕ་ཡུལ་ཆབ་མདོ་རི་བོ་ཆེ་ནས་ཡིན་ཞིང་། ཕྱི་ལོ་ ༢༠༠༧ ལོར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བ་དང་། ད་ལྟ་རྒྱ་གར་ལྷོ་ཕྱོགས་སྦང་ལོར་གྲོང་ཁྱེར་གྱི་ཁྲིམས་ལུགས་སློབ་ཆེན་ (CMR Law College) ནང་རྒྱ་གར་གྱི་ཁྲིམས་ལུགས་གཙོས་པའི་རྒྱལ་སྤྱིའི་ཁྲིམས་ལུགས་སྐོར་ལ་སློབ་གཉེར་བྱེད་བཞིན་འདུག ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་མཛངས་པའི་འགྲན་སྡུར་ཁྲོད་ཁོང་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། སྐབས་དེར་ཁོང་གིས་འདི་གའི་གསར་འགོད་པར། ད་ལན་བོད་ཀྱི་མཛངས་པ་འགྲན་སྡུར་ཐེངས་དང་པོའི་ཁྲོད་ང་ལ་རྒྱལ་ཁ་ཐོབ་པ་དེ་ནི། ང་རང་གིས་འཇོན་བཞག་པ་ཞིག་མིན་པར། དེ་ནི་མི་མང་གི་རྒྱབ་སྐྱོར་དང་ཡིད་ཆེས། རེ་བ་བཅས་ལ་བརྟེན་ནས་ཐོབ་པ་རེད། ང་རང་བོད་ནས་སྐྱེས་ཤིང་རྒྱ་གར་ནང་འཚར་ལོངས་བྱུང་བ་ཞིག་ཡིན་སྟབས། ངས་བོད་ཕྱི་ནང་གི་དངོས་ཡོད་གནས་སྟངས་གསལ་བོར་ཤེས་ཀྱི་ཡོད་ལ། མ་འོངས་པར་བོད་ཀྱི་མཛངས་པའི་སྡིངས་ཆ་འདི་བརྒྱུད་དེ། ངས་བོད་དོན་དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འཁྱེར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༢༦

Leave a Reply

One thought on “བོད་ཀྱི་མཛངས་པ་ཉི་མ་ལཊ་གོ་ལའི་མཛངས་པ་འགྲན་སྡུར་ནང་ཞུགས་རྒྱུ་རེད།