དགའ་ལྡན་ཕོ་བྲང་ནས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ།

ཁ་སང་རྒྱལ་བའི་ཕོ་བྲང་ཚོམས་ཆེན་རྟ་མགྲིན་ཁང་དུ་དཔལ་ལྡན་དགའ་ལྡན་ཕོ་བྲང་བླ་བྲང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས།ཁ་སང་ཕྱི་ཚེས་ ༢༧ རེས་གཟའ་ལྷག་པ་གཟའ་སྐར་འབྱུང་འཕྲོད་དགེ་བའི་ཉིན་བླ་ལྷའི་ཐུགས་དམ་དགོངས་དོན་ལྟར། དཔལ་ལྡན་དགའ་ལྡན་ཕོ་བྲང་བླ་བྲང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དགའ་ལྡན་ཕོ་བྲང་གི་ཞབས་ཞུ་བ་རྣམས་དང་། ཞབས་ཞུ་བ་སོ་སོའི་ནང་མི་རྣམས་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བསྟན་འགྲོ་སྤྱི་དང་། བྱེ་བྲག་བོད་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཟབ་མོ་རྣམས་ལྷུན་གྱིས་འགྲུབ་པའི་ཕྱིར། ཕོ་བྲང་ཚོམས་ཆེན་རྟ་མགྲིན་ཁང་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་འདུག

དགའ་ལྡན་ཕོ་བྲང་གི་དྲ་བ་ལས་དྲངས།

བསྐྱར་བཅོས།: ༢༠༡༨/༠༦/༢༨

Leave a Reply