༧གོང་ས་མཆོག་བཞུགས་སྒར་ནས་ཆིབས་ཐོན་མཛད།

དེ་རིང་ཞོགས་པར་དྷ་རམ་ས་ལའི་སེར་སྐྱ་མི་མང་གི་ཕེབས་སྐྱེལ་ཁྲོད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ནས་ཆིབས་ཐོན་མཛད་དེ་ལྡི་ལི་དང་ལ་དྭགས་ཁུལ་དུ་ཉིན་གྲངས་ ༢༠ ལྷག་རིང་ཆོས་འབྲེལ་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག

དེ་རིང་ཞོགས་པའི་ཆུ་ཚོད་ ༧: ༣༠ སྟེང་། རྒྱ་གར་རྒྱལ་ས་ལྡི་ལི་དང་ལ་དྭགས་ཀྱི་མཛད་འཆར་ཆེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་དྷ་རམ་ས་ལ་ནས་ཆིབས་ཐོན་གནང་སོང་བ་དང་། ཞོགས་པ་སྔ་བོ་ནས་བཞུགས་སྒར་གྱི་གཞུང་ལམ་གཡས་གཡོན་དུ་མི་མང་གིས་བང་བསྒྲིགས་ཏེ་ལག་ཏུ་སྤོས་དང་མཇལ་དར་སོགས་བཀྱགས་ནས་ཕེབས་སྐྱེལ་ཞུས་སོང་།

ཕྱི་ཟླ་ ༧ ཚེས་༡ ཉིན་རྒྱལ་ས་ལྡི་ལི་རུ་མི་མང་ཁག་ཅིག་ལ་མཇལ་ཁ་སོགས་དང་། ཚེས་༢ ཉིན་རྒྱ་གར་དབུས་གཞུང་གི་གཞི་རིམ་འོག་མ་དང་བར་མའི་སློབ་གྲྭ་ཁག་གི་སློབ་ཚན་ཁྲོད་བདེ་སྐྱིད་སྐྲུན་ཐབས། (Happiness Curriculum) ཞེས་པའི་སློབ་ཚན་གཏན་འབེབ་གནང་ཡོད་པ་དེ་ཉིད་དབུ་འབྱེད་མཛད་གནང་རྒྱུ་ཡིན་འདུག

དེ་བཞིན་ཕྱི་ཚེས་༣ ཉིན་མཁའ་ལམ་བརྒྱུད་ལ་དྭགས་སུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༦ ཉིན་ལ་དྭགས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་དགུང་གྲགས་ ༨༣ ལ་ཕེབ་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༠ ནས་ ༡༢ བར་ཞི་བའི་འཚལ་ཕོ་བྲང་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་མཇུག་སྐྱོང་མཛད་རྒྱུ། ཕྱི་ཚེས་ ༡༣ ཉིན་ནུབ་ར་བདེ་སྐྱིད་དགོན་པ་སོགས་སུ་མཛད་འཕྲིན་བསྐྱངས་རྗེས་ཚེས་ ༢༡ ནུབ་ར་ནས་ཕྱིར་བཞུགས་སྒར་དྷ་རམ་ས་ལར་ཆིབས་ཐོན་མཛད་རྒྱུ་ཡིན་འདུག

དགའ་ལྡན་ཕོ་བྲང་གི་དྲ་རྒྱར་བཀོད་པའི་མཛད་འཆར་ལྟར་ན། ཕྱི་ཟླ་༩  ཚེས་ ༤ ནས་ ༧ བར་ཉིན་གྲངས་བཞིའི་རིང་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཨིན་ཌོ་ནེ་ཤི་ཡ་དང་ཀོ་རི་ཡ། མཱ་ལེ་ཤིས་ཡ། སིངྒ་པོར། ཐའེ་ལན་ཊི། ཝེ་ཏི་ནམ་སོགས་ཚུད་པའི་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་གསུང་ཆོས་མཇུག་སྐྱོང་མཛད་རྒྱུ་དང་། ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་(Stichting Bezoek Zijne Heiligheid Dalai Lama) ཚོགས་པས་ནཱ་ཌིར་ལན་ཌིའི་གྲོང་ཁྱེར་རོ་ཊིར་ཌམ( Rotterdam)གྱི་ཨ་ཧོ་རོ་ཊིར་ཌམ་(Ahoy Rotterdam) ཚོགས་ཁང་དུ་དཀའ་རྙོག་ཆེ་བའི་འཛམ་གླིང་ནང་ཅིའི་ཕྱིར་སྙིང་རྗེ་དགོས་གལ་ཆེ་བ་ཡིན་(Why Compassion is Essential in our Troubled World) ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་དང་། ཕྱི་ཚེས་ ༡༧ ཉིན་ས་གནས་དེ་རང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་སྩལ་རྒྱུ་བཅས་ཡིན་འདུག

གཞན་ཡང་། ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོར་འཇར་མན་གྱི་ཌར་མ་སུ་ཊ་ཊྲི་གྲོང་ཁྱེར་དུ་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སུད་སི་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་གཉིས་ཀྱིས་གོ་སྒྲིག་ཞུས་པའི་འཚེ་བ་མེད་པ་དང་ཞི་བདེ་ཞེས་པའི་ཚོགས་མགོན་དུ་ཕེབས་རྒྱུ་དང་། ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོར་སུད་སི་རུ་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་གསར་བཞེངས་གནང་སྟེ་ལོ་ངོ་ ༥༠ འཁོར་བའི་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱང་སྟེ། ཚེས་ ༢༣ ཉིན་གྱི་སྔ་དྲོར་སུད་སི་ཛི་རིག་གྲོང་ཁྱེར་དུ་རི་ཀོང་ཆོས་འཁོར་དགོན་དང་སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཛུ་རིག་ཧ་ལེན་སཊ་ཌིཨོན་(Zurich Hallenstadion) ཚོགས་ཁང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ།  སློབ་དཔོན་ཀ་མ་ལ་ཤཱི་ལ་མཆོག་གིས་མཛད་པའི་སྒོམ་རིམ་བར་པ།  རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་གསུང་ཆོས་སྩལ་གནང་རྒྱུ་ཡིན་འདུག

ཡང་འདི་ལོའི་ཕྱི་ཟླ་བཅུ་པའི་མཛད་འཆར་ལྟར་ན། ཟླ་དེའི་ཕྱི་ཚེས་ ༣ ནས་ ༦ བར་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཞུགས་སྒར་རྡ་རམ་ས་ལར་ཉིན་གྲངས་བཞིའི་རིང་ལོ་སྔོན་མར་གནང་བའི་དབུ་མ་འཇུག་པའི་གསུང་ཆོས་ཀྱི་མཇུག་སྐྱོང་མཛད་རྒྱུ་དང་། ཚེས་ ༡༢ དང་ ༡༣ ཉིན་མ་ན་ལི་རུ་ཡོད་པའི་འོན་མངའ་རིས་དགོན་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར། མ་ན་ལི་ཡི་(Himvalley Amusement & Cultural Park, Bahang) རུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ། དེ་བཞིན་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་བཅས་ཀྱི་གསུང་ཆོས་སྩལ་རྒྱུ་དང་།  ཚེས་ ༡༤ ཉིན་གྱི་སྔ་དྲོ་ཚེ་དབང་བཀའ་དྲིན་སྩལ་རྒྱུ་བཅས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༢༩

Leave a Reply

One thought on “༧གོང་ས་མཆོག་བཞུགས་སྒར་ནས་ཆིབས་ཐོན་མཛད།

  1. བོད་ཀྱི་སྤྱི་ཚོགས་ནང་ཁུལ་གྱི་འཐེན་འཁྱེར་དང་ཕྱོགས་རིས་སོགས་ལ་ཉམས་སུ་མྱངས་ཡོང་དུས་སུ། བོད་འདི་ད་ལྟའི་གནས་སྟངས་ལྟར་རྒྱ་རིགས་ཀྱི་ཁོངས་སུ་བསྡད་ན་འོས་ཞིང་འཚམས་པར་མཐོང་། ཕྱི་ལོགས་ན་ཡོད་པའི་བོད་མི་ཚོས་ཀྱང་སྤྱི་དོན་ཁ་ལ་འཁྱེར་ནས་རང་དོན་འབའ་ཞིག་སྒྲུབ་བཞིན་པ་ས་རིས་ཐང་གསལ་དང་སྦས་གསང་མི་ཐུབ་པའི་གནས་སུ་བསླེབས་ཡོད།