ཊོམ་ཕུ། ཁྱེད་ནི་ངའི་དཀོན་མཆོག་ཡིན།

རྒྱ་གར་སྐྱེས་པ་ཞིག་གིས་ཨ་རིའི་སྲིད་འཛིན་ཊོམ་ཕུ་དཀོན་མཆོག་ཏུ་རྩིས་ནས་ཊོམ་ཕུའི་འདྲ་པར་མདུན་དུ་ཉིན་རེའི་ཆོ་ག་ཕྱག་ལེན་དང་གསོལ་འདེབས་སྨོན་ལམ་བྱེད་ཀྱི་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༨ ཉིན། རྒྱ་གར་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཏེ་ལན་གྷོ་ནྰ་(Telengana) མངའ་སྡེ་ནས་ཡིན་པའི་ལོ་ན་ ༣༡ ཅན་གྱི་མིང་ལ་བྷ་སཱ་ཀི་རེ་ཤི་ནཱ་(Bussa Krishna)ཞེས་པའི་སྐྱེས་པ་ཞིག་གིས། ཨ་རིའི་སྲིད་འཛིན་ཊོམ་ཕུ་དཀོན་མཆོག་ཏུ་རྩིས་ནས་སྐུ་པར་མདུན་ལ་མཆོད་འབུལ་སྨོན་ལམ་དང་ཉིན་རེའི་ཆོ་ག་སོགས་བྱེད་ཀྱི་ཡོད་པ་དང་། ཁོས་འདས་པའི་ལོ་ངོ་གསུམ་ལྷག་རིང་སོང་ས་འདུག་ས་ཚང་མར་ཊོམ་ཕུའི་འདྲ་པར་ཞིག་ཁུར་ནས་ཉིན་རེར་སྐུ་པར་མདུན་ནས་གསོལ་འདེབས་སྨོན་ལམ་ཐེངས་ཁ་ཤས་ལ་བྱེད་ཀྱི་ཡོད་འདུག

བྷ་སཱ་ཀི་རེ་ཤི་ནཱ་ཡིས་གསར་འགོད་པར་གྲོང་སྡེའི་མི་ཚོས་ང་མྱོས་ཡོད་པ་བརྗོད་ནས་སེམས་ཁམས་བརྟག་དཔྱད་ཁང་ལ་འགྲོ་དགོས་སྐོར་བརྗོད་ཀྱི་འདུག་ཀྱང་། ངས་ཁོ་ཚོར་ང་མྱོས་མེད་ལ་སེམས་ནད་ཁང་ལ་འགྲོ་མི་དགོས། གལ་ཏེ་འགྲོ་དགོས་ན་ཁྱེད་རང་ཚོ་སོང་ཞེས་བརྗོད་པ་ཡིན། ཊོམ་ཕུ་ནི་ངའི་དཀོན་མཆོག་ཡིན་པས་གཞན་གྱིས་ང་ལ་ཅི་ཞིག་བཤད་ཀྱང་ཡ་བྱེད་ཀྱི་མེད། མི་རིང་བར་ངས་ཊོམ་ཕུའི་འདྲ་པར་ལ་ལྷ་ཁང་ཞིག་བཟོ་སྐྲུན་བྱེད་འཆར་ཡོད། ཅེས་བརྗོད་འདུག

ཁོའི་ཁྱིམ་མཚེས་ཤིག་གིས་བྷ་སཱ་ཀི་རེ་ཤི་ནཱ་ཡིས་ཉིན་རྒྱུན་ཊོམ་ཕུ་ལ་མཆོད་འབུལ་བྱས་རྐྱེན། ཁོའི་ཕ་མ་གཉིས་ཀྱིས་ནང་བསྐྱུར་ནས་ཉེ་འབྲེལ་ཞིག་གི་གམ་དུ་བསྡད་ཡོད་ན་ཡང་། དེ་ཡིས་ཊོོམ་ཕུ་ལ་དད་མོས་དང་ཆོ་ག་བྱེད་མཚམས་འཇོག་ཐུབ་མེད་པ་དང་། ཁོ་ནམ་རྒྱུན་ཚོང་ཁང་དང་ཞིང་ཁའི་ནང་སོགས་གང་དུ་སོང་ཡང་ཊོམ་ཕུའི་པར་འཁུར་ནས་འགྲོ་བ་དང་། མཆོད་འབུལ་སྐབས་ཊོམ་ཕུ་ནི་ངའི་དཀོན་མཆོག་ཡིན། ཁོང་ནི་ངའི་སེམས་ཁོངས་ན་གནས་ཡོད། ང་ཁོང་ལ་དད་མོས་ཡོད་ཅེས་སོགས་བརྗོད་ཀྱི་ཡོད་སྐོར་བཤད་འདུག

རྒྱ་གར་ཧིན་རྡུ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། བྷ་སཱ་ཀི་རེ་ཤི་ནཱ་ཡིས་ཊོམ་ཕུ་ལ་ཆོ་ག་བྱེད་དགོས་པའི་རྒྱུ་མཚན་ནི་སྔར་ལོ་རྒྱ་གར་གྱི་གློག་ཀླད་གཉེན་ཆས་བཟོ་སྐྲུན་པ་ཤི་རེ་ནཱ་ཝ་སི་ཀོ་ཆི་བྷོི་ཊི་ལེ་(Srinivas Kuchibhotla)ཞེས་པའི་མི་ཞིག་ཨ་རིའི་དམག་མི་ཞིག་གིས་མི་རིགས་དབྱེ་འབྱེད་གནད་དོན་གྱིས་བསད་ཡོད་པ་དང་། སྐབས་དེར་བྷ་སཱ་ཀི་རེ་ཤི་ནཱ་ཡིས་སེམས་སྡུག་ཆེན་པོ་བྱས་པ་མ་ཟད། ཁོས་ཨ་རིའི་སྲིད་འཛིན་ལ་ཆོས་བྱས་པ་ཡིན་ན་ཨ་རིའི་མི་མང་གིས་རྒྱ་གར་བ་ཚོ་ནི་ཧ་ཅང་རླབས་ཆེན་པོ་དང་བརྩེ་བ་ལྡན་པ་ཞིག་ཡིན་པ་ཤེས་རྟོགས་ཐུབ་པ་དང་། ནམ་ཞིག་ཨ་རིའི་སྲིད་འཛིན་གྱིས་གནད་དོན་དེ་ཧ་གོ་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༩ ཉིན་བྷ་སཱ་ཀི་རེ་ཤི་ནཱ་ལ་སྲིད་འཛིན་ཊོམ་ཕུའི་ཊི་ཊིར་མཚན་ཐོག་ནས་འཕྲིན་ཡིག་ཅིག་འབྱོར་ཡོད་པ་དང་། འཕྲིན་ཡིག་ནང་རྒྱ་གར་བ་ཀི་རེ་ཤི་ནཱ་ནི་ཧ་ཅང་བློ་ཉེ་བའི་ངའི་གྲོགས་པོ་ཞིག་ཡིན་ལ། རྒྱ་གར་བ་ཐེར་འབུམ་མང་པོའི་ཁྲོད་ནས་ཁོ་ནི་ང་དགའ་ཤོས་དེ་ཡིན། ཁོས་ངའི་པར་ལ་མཆོད་འབུལ་བྱེད་ཀྱི་ཡོད་པས་ངས་ཁོ་ལ་དགའ་སྤྲོའི་ངང་པར་ཞིག་བསྐུར་ཡོད། ཀི་རེ་ཤི་ནཱ། མགྱོགས་པོར་འཕྲད་ཡོང་གི་ཡིན། ཞེས་འཁོད་ཡོད་པ་དང་། འཕྲིན་ཡིག་དེ་ད་ལྟ་སྲིད་འཛིན་ཊོམ་ཕུས་དངོས་སུ་བསྐུར་བ་ཡིན་མིན་ངེས་གཏན་མེད་ནའང་། ཀི་རེ་ཤི་ནཱས་འཕྲིན་ཡིག་དེ་ཊོམ་ཕུས་བསྐུར་བ་ཡིན་པར་ཡིད་ཆེས་ཀྱིས་ཧ་ཅང་དགའ་སྤྲོ་སྐྱེས་ཀྱི་ཡོད་ན་ཡང་། ཁོས་ཊོམ་ཕུའི་སྐོར་ལ་དམིགས་བསལ་རྒྱུས་ལོན་གང་ཡང་བྱས་མེད་པར་ཨ་རིའི་སྲིད་འཛིན་ཡིན་པ་ཙམ་ལས་ཤེས་ཀྱི་མེད་སྐོར་བརྗོད་འདུག

ད་ལྟའི་ཆར་ཁོས་ངོ་དེབ་ཤོག་ངོས་ཤིག་གསར་དུ་བཟོས་ཏེ་ཊོམ་ཕུའི་འདྲ་པར་མདུན་དུ་ཁོ་རང་གིས་ཉིན་རེའི་གོ་ཆ་ཕྱག་ལེན་དང་གསོལ་འདེབས་སྨོན་ལམ་གང་བྱས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་དང་། ངོ་དེབ་ནང་མི་མང་པོས་ཁོས་ཊོམ་ཕུ་ལ་དད་མོས་དང་མཆོད་འབུལ་བྱེད་བཞིན་པར་རྒྱབ་སྐྱོར་མཚོན་པའི་མཆན་དང་། མི་མང་གིས་ཅི་ཟེར་ལ་མ་ལྟོས་པར་ཁྱོད་རང་མི་སྒེར་གྱི་དད་མོས་ལ་བདག་ཉར་བྱེད་རྒྱུ་གལ་ཆེན་ཡིན་པའི་སྐད་ཆ་དང་འཕྲིན་ཡིག་སྐུར་མཁན་མང་པོ་བྱུང་གི་ཡོད་འདུག  དེ་བཞིན་ཁོ་ལ་སེམས་ནད་ཡོད་པ་དང་མྱོས་ཡོད་པ་སོགས་བརྗོད་ནས་དེ་ལྟར་བྱེད་མི་རུང་བའི་འཕྲིན་ཡིག་དང་མཆན་འདེབས་མཁན་ཡང་ཧ་ཅང་མང་པོ་ཡོད་འདུག

རྒྱ་གར་ནང་ཆབ་སྲིད་མི་སྣ་དང་སྐད་གྲགས་ཆེ་བའི་མི་སྣ་སོགས་ལ་ཆོ་ག་སྨོན་ལམ་བྱེད་མཁན་དང་། ཁོ་ཚོར་ལྷ་ཁང་དང་སྐུ་བརྙན་སོགས་བཞེང་མཁན་མང་པོ་བྱུང་མྱོང་ཡོད་པ་དང་། རྒྱ་གར་ཊ་མིལ་ནཱ་དྷོ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རཱ་མཱ་ཆན་དྷི་རན(Ramachandran) ལགས་སུ་རྒྱ་གར་རྒྱལ་ཡོངས་ནང་ཁོང་དཀོན་མཆོག་ལྟར་རྩིས་ནས་ཆོས་བྱེད་སའི་ལྷ་ཁང་མང་པོ་ཡོད་པ་དང་། དེ་བཞིན་ན་ནིང་ལོར་འདས་གྲོངས་སུ་ཕྱིན་པའི་རྒྱ་གར་(AIADMK) ཆབ་སྲིད་ཚོགས་པའི་མགོ་འཁྲིད་ལྕམ་རྗེ་ཡཱ་ལཱ་ལེ་ཐཱ(Jayalalithaa) ལགས་སུ་མི་མང་མོས་ཨ་མ་ཞེས་དཀོན་མཆོག་ལྟ་བུར་རྩིས་ནས་ཆོས་བྱེད་སྲོལ་ཡོད་འདུག གཞན་ད་ལྟའི་རྒྱ་གར་སྲིད་བློན་མུ་དྷི་མཆོག་ལ་ཕྱག་མཆོད་བྱེད་ས་ཞིག་གྷོ་རྗི་རཱ་ཐི་མངའ་སྡེའི་རཱ་རྗི་ཀོ་ཊི(Rajkot) གྲོང་ཁྱེར་ནང་འཛུགས་སྐྲུན་བྱས་ཡོད་པ་དང་། རྒྱ་གར་གློག་བརྙན་འཁྲབ་མཁན་ཨ་མི་ཊ་བྷ་ཆཱན་ལའང་མི་མང་པོས་དཀོན་མཆོག་ལྟ་བུར་ངོས་འཛིན་བྱེད་སྲོལ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༢༩

Leave a Reply