བྱང་ཀོ་རི་ཡ་གཞུང་ལ་རེ་བ་བརླག་ཉེན་འདུག

སྲུང་སྐར་བརྒྱུད་ལྟ་ཞིབ་བྱེད་སྐབས་བྱང་ཀོ་རི་ཡས་མུ་མཐུད་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱེད་བཞིན་པ་ཤེས་རྟོགས་བྱུང་བར་བརྟེན་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྱང་ཀོ་རི་ཡའི་ནང་འགྲོ་རྒྱུ་ཕྱིར་འཐེན་བྱས།དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོན་ཨན་གྱིས་བྱང་ཀོ་རི་ཡ་དམག་གཞུང་གི་མགོ་འཁྲིད་མཐོ་གྲས་ཧེ་ཡོན་ཇོ་སོང་(Hyon Ju Song) གིས། ཡུལ་དེའི་དྲག་དམག་དང་དེ་དག་གི་ནང་མི་ཚོར་ཟ་མ་དང་སྣུམ་སོགས་ནམ་རྒྱུན་ལས་མང་བ་སྤྲད་པའི་རྐྱེན་གྱིས། དབང་ཆ་ལོག་སྤྱོད་དང་དམག་གཞུང་གི་སྒྲིག་ཁྲིམས་དང་འགལ་ཡོད་པའི་ནག་ཉེས་འོག་སྲོག་ཐོག་བཏང་ཡོད་འདུག

བྱང་ཀོ་རི་ཡའི་ཉིན་རེའི་གསར་ཤོག་ཅེས་པས་སྤེལ་བའི་གནས་ཚུལ་ནང་། དམག་དཔོན་ཧེ་ཡོན་ཇོ་སོང་གིས་ཉེ་སྔོན་ཕྱི་ཟླ་༤ ཚེས་༡༠ ཉིན། བྱང་ཀོ་རི་ཡའི་དམག་གཞུང་ལ་བཀའ་བཏང་སྟེ། མི་རིང་བར་དམག་མི་ཚོ་དམ་དྲག་དང་རྡུལ་མཚོན་གྱི་ལས་གཞིའི་ཁྲོད་འདུག་མི་དགོས་པར་བརྗོད་ནས་བྱང་ཀོ་རི་ཡའི་སོ་ཧའེ་(Sohae)རྡུལ་མཚོན་ས་ཚིགས་ཀྱི་ཟ་འབྲུ་དང་སྣུམ་སོགས་དམག་མི་དང་དེ་ཚོའི་ནང་མིར་སྤྲད་པར་བརྟེན། བྱང་ཀོ་རི་ཡའི་གཞུང་གིས་ཧེ་ཡོན་ཇི་ཡིས་སྐད་ཆ་གང་བྱུང་བཤད་དེ་མགོ་འཁྲིད་ཚོ་ལོག་ལམ་དུ་བཏང་བ་མ་ཟད། དམག་གཞུང་གི་སྒྲིག་ཁྲིམས་དང་སྲིད་གཞུང་གི་བསམ་བློ་གཅིག་གི་སྲིད་བྱུས་དང་འགལ་ཡོད་པས་མེ་མདས་བརྒྱབས་ཏེ་སྲོག་ཐོག་བཏང་ཡོད་པ་རེད། ཅེས་འཁོད་འདུག

བྱང་ཀོ་རི་ཡའི་འབྲེལ་ཡོད་ཅིག་གིས་བརྗོད་པ་ལྟར་ན། དམག་དཔོན་ཧེ་ཡོན་ཇི་ཡིས་དམག་མི་དང་དེ་དག་གི་ནང་མི་ཚོར་སྣུམ་རྒྱ་མ་ ༢༠༠༠ དང་འབྲས་རྒྱ་མ་ ༡༣༠༠། དེ་བཞིན་འབྲུ་རིགས་རྒྱ་མ་ ༡༦༠༠ ལྷག་སྤྲད་ཡོད་འདུག བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་ཇོང་ཨན་གྱིས་གནས་ཚུལ་དེ་གོ་བ་དང་དམག་དཔོན་ཧེ་ཡོན་དམར་གསོད་གཏོང་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་དང་། བྱང་ཀོ་རི་ཡའི་རྒྱལ་སའི་ཉེ་འགྲམ་སོ་ནཱན(Sunan)ས་ཁུལ་གྱི་དམག་གི་ལྟེ་གནས་ཁང་ཞིག་གི་གྱང་འགྲམ་དུ་ལངས་བཅུག་ནས་མེ་མདས ༩༠ བརྒྱབས་ནས་བསད་ཡོད་འདུག

ཉེ་སྔོན་ལྷོ་བྱང་ཀོ་རི་ཡ་དང་ཨ་བྱང་གཉིས་ཀྱི་མགོ་འཁྲིད་ཐུག་འཕྲད་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུ་དང་། ལྷོ་བྱང་ཀོ་རི་ཡ་ཞི་མཐུན་ཡོང་རྒྱུ་སོགས་ཀྱི་སྐོར་ལ་གྲོས་མོལ་བྱས་པར་བརྟེན། བྱང་ཀོ་རི་ཡའི་དམག་མི་དང་མི་མང་གཙོའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱང་ཀོ་རི་ཡའི་ནང་སྲིད་བྱུས་གུ་ཡངས་དང་ཇེ་ལྷོད་དུ་འགྲོ་རྒྱུ་ཡིན་པའི་རེ་བ་བརྒྱབས་ཏེ། མགོ་འཁྲིད་ཀེམ་ལ་བསྟོད་བསྔགས་བྱེད་མཁན་མང་པོ་བྱུང་ཡོད་ན་ཡང་། ཐེངས་འདིའི་གནད་དོན་དེས་བསྐྱར་དུ་བྱང་ཀོ་རི་ཡའི་མི་མང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་འཇིགས་སྣང་དང་དོགས་གཞི་ཞིག་བསླངས་ཡོད་འདུགདེ་བཞིན་ཉེ་སྔོན་ཨ་བྱང་གཉིས་ཀྱིས་སེངྒ་པོར་ནས་ཐུག་འཕྲད་སྐབས་བྱང་ཀོ་རི་ཡའི་རྡུལ་མཚོན་རྩ་མེད་བཟོ་རྒྱུའི་ཁས་ལེན་བྱས་ཡོད་ན་ཡང་། ཟླ་འདིའི་ཕྱི་ཚེས་༢༧ ཉིན་ཨ་རིའི་བྱང་ཀོ་རི་ཡ་ལ་ལྟ་ཞིབ་ཆེད་བཙུགཝ་པའི་མཁའ་དབྱིངས་འཁོར་སྐར་གྱིས་བརྟག་དཔྱད་བྱས་པར་གཞིགས་ན། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལྟེ་གནས་ཆེ་ཤོས་ཡོན་བྷེན་རྡུལ་ཕྲན་ཚན་རིག་ཉམས་ཞིབ་ལྟེ་གནང་ཁང་(Ongbyon Nuclear Scientific Research Center) ཞེས་པས་སྔར་བཞིན་རྡུལ་ཕྲན་བཟོ་སྐྲུན་དང་དམག་གི་མཚོན་ཆ་ཡར་རྒྱས་གཏོང་གི་ཡོད་སྐོར་བརྗོད་ཡོད་པ་དང་། བདུན་རྗེས་མའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེ་ཁི་པམ་པོ(Mike Pompeo)བྱང་ཀོ་རི་ཡར་སྐོར་སྐྱོད་བྱ་རྒྱུ་གཏན་འཁེལ་བྱུང་ཡོད་ཀྱང་། དེ་རིང་གློ་བུར་དུ་ཕྱོགས་སྐྱོད་དེ་ཕྱིར་འཐེན་བྱས་ཡོད་འདུག

རྒྱལ་སྤྱིའི་ཆབ་སྲིད་ཉམས་ཞིབ་པ་ཚོས་ཨ་བྱང་གཉིས་ཀྱི་མགོ་འཁྲིད་ཐུག་འཕྲད་ཀྱིས་རྡུལ་ཕྲན་མཚོན་ཆ་རྩ་མེད་ཀྱི་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད་ན་ཡང་། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རྩ་བ་ནས་མཚམས་འཇོག་བྱ་རྒྱུ་ཁག་པོ་ཡིན་པ་དང་། དེ་སྔོན་ཨ་བྱང་གཉིས་ཀྱི་བར་ལ་གྲོས་ཆོད་མང་པོ་བཞག་ཡོད་ན་ཡང་རྗེས་སུ་དེ་དག་ལག་ལེན་འཁེལ་དུས་ངེས་མེད་དུ་སོང་ཡོད་པ་རེད། ཐེངས་འདིར་ཕྱོགས་གཉིས་ཀྱི་མགོ་འཁྲིད་གཉིས་དངོས་སུ་ཐུག་འཕྲད་ཀྱིས་གྲོས་མོལ་བྱས་པར་བརྟེན། མང་པོ་ཞིག་གིས་སྔོན་དང་མ་འདྲ་བའི་རེ་བ་བརྒྱབས་ཡོད་ཀྱང་དེ་ལྟར་མངོན་འགྱུར་བྱུང་རྒྱུ་ལས་སླ་མོ་མེད་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༦/༢༩

Leave a Reply to གཞུང་པ་ཚེ་དབང་བསོད་ནམས་་ཉེ Cancel Reply

One thought on “བྱང་ཀོ་རི་ཡ་གཞུང་ལ་རེ་བ་བརླག་ཉེན་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེ

    ས་ངན་གྱི་ཆུ་མི་ཐུབ་མི་ངན་ལ་བློ་མ་བཅོལ་ཟེར་བའི་གཏམ་དེ་ངོ་མའི་བདེན་བྱུང་།