ཕྱི་ཟླ ༦ ཚེས ༢༦ ཉིན་སྦེལ་ཀོབ་མཉམ་འབྲེལ་སྣུམ་ཁང་གི་དངུལ་གཉེར་གྱིས་ཡོང་འབབ་དངུལ་ཧིན་སྒོར་འབུམ་ ༡༧ ནས་ ༡༨ བར་ཁྱེར་ནས་བྲོས་ཕྱིན་འདུག་ཟེར།
ཉིན་ཤས་སྔོན་སྤྱི་ཚོགས་བརྒྱུད་ལམ་དུ་བོད་རིགས་ན་གཞོན་ཕོ་མོ་གཉིས་ཀྱི་འདྲ་པར་ཞིག་བཀྲམ་ཏེ། སྐྱེས་པ་དེས་སྦེལ་ཀོབ་སྣུམ་ཁང་ནས་ཧིན་སྒོར་འབུམ་བཅུ་གྲངས་ཤིག་འཁུར་ནས་བྲོས་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ལྟར། འདི་གའི་གསར་འགོད་པས་སྣུམ་ཁང་གི་འབྲེལ་ཡོད་དང་དངུལ་གཉེར་ཁོ་རང་གི་ངོ་ཤེས་ཤིག་ལ་སྐད་ཆ་དྲིས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། སྣུམ་ཁང་གི་དངུལ་གཉེར་གྱིས་ཡོང་འབབ་ཧིན་སྒོར་འབུམ་ ༡༧ ནས་ ༡༨ ཙམ་འཁུར་ཏེ་ནང་མི་འཁྲིད་ནས་བྲོས་ཕྱིན་ཡོད་འདུག
དངུལ་གཉེར་གྱིས་ཉིན་རྒྱུན་ལས་མི་རྣམས་ཀྱི་ལག་ནས་ཉིན་གཅིག་གི་ཡོང་འབབ་ཚང་མ་བསྡུས་ནས་དངུལ་ཁང་དུ་བཅོལ་འཇོག་བྱེད་པར་འགྲོ་དགོས་ཀྱི་ཡོད་པ་དང་། དངུལ་བཅོལ་རྗེས་བྱུང་འཛིན་རྩིས་པར་སྤྲོད་དགོས་ཀྱི་ཡོད་ནའང་། དངུལ་ཁང་སྒོ་བརྒྱབས་པ་དང་གུང་སེང་ལ་འཁེལ་བ་སོགས་ཀྱི་རྐྱེན་གྱིས་ཉིན་ལྟར་དངུལ་བཅོལ་མ་ཐུབ་པའི་དཀའ་ངལ་བྱུང་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༥ ཚེས ༣༠ ཉིན་དངུལ་གཉེར་དངུལ་ཁང་དུ་ཕྱིན་ཏེ་བྱུང་འཛིན་རྫུན་མ་ཞིག་བཟོས་ནསརྩིས་པར་བརྩིས་བརྒྱབས་ཡོད་ནའང་། གནས་ཚུལ་དེ་ཕྱིས་སུ་མ་གཏོགས་ཤེས་རྟོགས་བྱུང་མེད་པ་དང་། དངུལ་ཁང་གི་ལས་མིར་སྐད་ཆ་དྲིས་སྐབས་དངུལ་གཉེར་ཁོ་གཅིག་ནས་བོད་པ་ཡིན་པ་དང་། གཉིས་ནས་དུས་རྒྱུན་དངུལ་ཁང་དུ་ཡོང་གི་ཡོད་པ། གསུམ་ནས་ཁོ་ལ་ཨུ་ཚུགས་ཆེན་པོ་བྱས་སྟབས། བྱུང་འཛིན་སྟོང་པ་ཞིག་གི་ཐོག་ཏུ་དངུལ་གྲངས་སོགས་བྲིས་ཏེ་རྫུན་མ་བཟོ་དགོས་བྱུང་སྐོར་འགྲེལ་བརྗོད་བྱས་ཡོད་འདུག
གསར་འགོད་པས་ཁ་པར་བརྒྱུད་སྣུམ་ཁང་གི་འགན་འཛིན་ལགས་ལ་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། ཁོང་གིས་དངུལ་གཉེར་ལ་དུས་ཐོག་ཏུ་དངུལ་ཁང་ལ་དངུལ་བཅོལ་བར་འགྲོ་དགོས་པ་རྒྱུན་པར་དྲན་སྐུལ་དང་ལམ་སྟོན་བྱེད་ཀྱི་ཡོད་པ་མ་ཟད། སྣུམ་ཁང་དུ་ཡོད་པའི་རྩིས་པས་ཀྱང་སྐུལ་མ་བྱས་བཏང་ཡོད་ལུགས་བརྗོད་བྱུང་། ཡང་ཁོང་གིས་དངུལ་གཉེར་དུས་རྒྱུན་དེ་འདྲ་བྱེད་མཁན་འདྲ་བོ་མེད་ལ། ཁོའི་ཕྲུ་གུའི་རྐང་པ་ནད་པ་ཡིན་པ་སོགས་ཀྱིས་བསམ་ཤེས་བྱས་ཡོད་ཀྱང་། ད་རེས་གནས་ཚུལ་འདི་འདྲ་བྱུང་དུས་རང་ངོས་ནས་གང་ཐུབ་ཐུབ་བྱས་ཡོད་པས་འགྱོད་པ་མེད་ཚུལ་བརྗོད་བྱུང་།
དངུལ་གཉེར་གྱི་འབྲེལ་ཡོད་ཡུལ་མི་ཞིག་གིས་བརྗོད་པ་ལྟར་ན། ཕྱི་ཚེས ༢༦ ཉིན་གྱི་སྣུམ་ཁང་གི་འབབ་དངུལ་ཚང་མ་དངུལ་གཉེར་ལ་རྩིས་སྤྲོད་བྱས་ཡོད་པ་དང་། དགོང་མོ་དེར་ཁོས་བཟའ་ཟླ་དང་ཕྲུ་གུ་ཁྲིད་ནས་བྲོས་ཕྱིན་ཡོད་པ་དང་། ཕྱི་ཚེས ༢༧ ཉིན་ཁོ་མེད་པ་ཤེས་ཏེ་ནང་དུ་ཕྱིན་སྐབས། ནང་དུའང་བསྡད་མེད་པ་མ་ཟད། སྒེར་གྱི་སྤྱི་ཚོགས་དྲ་བའི་སྟེང་གི་ཁོ་རང་གི་པར་ཚང་མ་བསུབས་ཚར་ཡོད་སྐོར་བརྗོད་བྱུང་།
ཁྱོན་བསྡོམས་དངུལ་ག་ཚོད་ཅིག་འཁུར་ཡོད་མེད་དྲིས་པར་ཁོང་གིས། རོབ་རྩིས་བྱས་པ་ཡིན་ན། ཧིན་སྒོར་འབུམ་ ༡༧ ནས་ ༡༨ བར་འཁུར་ཡོད་པ་དང་། དངུལ་གཉེར་ཁོ་བོད་ནས་འབྱོར་ཞིང་། དེ་སྔོན་གྲྭ་པ་ཡིན་པ་དང་། རྗེས་སུ་གྲྭ་པ་ལོག་སྟེ་མྱོས་རྫས་སྤྱད་ཡོད་ཀྱང་། ངོ་ཤེས་གྲོགས་པོ་སོགས་ཀྱིས་བསླབ་བྱ་མང་པོ་བརྒྱབས་ཏེ་རིམ་པས་ཡར་རྒྱས་སོང་བ་ལ་བརྟེན་ནས་སྦེལ་ཀོབ་མཉམ་འབྲེལ་སྣུམ་ཁང་གི་དངུལ་གཉེར་གྱི་ལས་ཀ་རག་ཡོད་སྐོར་བརྗོད་བྱུང་།