བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྱུར་ཟབ་སྦྱོང་མགོ་འཛུགས་བྱས།  

མཁས་དབང་ངག་དབང་ཕུན་ཚོགས་ལགས་ཀྱིས་སྔོན་བྱོན་ལོ་ཙྰ་བ་རྣམས་ཀྱིས་དཀའ་ལས་བརྒྱབས་པ་ནང་བཞིན་ད་ལྟའི་མི་རབས་གསར་པ་ཚོས་དཀའ་ལས་རྒྱག་དགོས་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༥ སྟེང་། གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། ལོ་ལྟར་ཚོགས་ཀྱི་ཡོད་པའི་བོད་ཀྱི་དཔེ་མཛོད་ཁང་གི་ཟླ་ ༣ རིང་གི་རྩོམ་སྒྱུར་ཟབ་སྦྱོང་ཐེངས་ ༡༣ པ་མགོ་འཛུགས་གནང་སོང་བ་དང་།  མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སློབ་དཔོན་ངག་དབང་ཕུན་ཚོགས་ལགས་ཀྱི་དབུས་བོད་ཀྱི་དཔེ་མཛོད་ཁང་གི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། དྲུང་ཆེ་གཙོས་ལས་བྱེད་རྣམས་དང་ཟབ་སྦྱོང་ནང་མཉམ་ཞུགས་པ་བཅས་ཁྱོན་མི་ ༤༠ ལྷག་འཛོམས་འདུག

བོད་ཀྱི་དཔེ་མཛོད་ཁང་གི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་རྩོམ་སྒྱུར་ཟབ་སྦྱོང་ངོ་སྤྲོད་དང་འབྲེལ་བརྗོད་དོན།  ཕྱི་ལོ་ ༢༠༠༦ ལོར་ང་ཚོས་ཟབ་སྦྱོང་འདི་ཐོག་མར་འཛུགས་སྐབས། ང་ཚོར་དམིགས་བསལ་མཐུན་རྐྱེན་གང་ཡང་མེད་སྟབས། ལས་བྱེད་མང་པོ་ཞིག་གིས་དེར་འགྲོ་གྲོན་མང་པོ་འགྲོ་ཡི་ཡོད་པས་དངུལ་ཨེ་ཡོད་ལབ་ཀྱིན་ལབ་ཀྱིན་མགོ་འཛུགས་བྱས་པ་ཡིན། སྐབས་དེར་ངས་མིག་བཙུམས་ནས་དངུལ་གློ་བུར་དུ་གནམ་ནས་བབས་ཡོང་རྒྱུ་དེ་འདྲ་ཡོད་པ་མ་རེད། གཙོ་བོ་ལས་ཀ་དེ་ཚོ་གལ་ཆེན་པོ་ཡིན་སྟབས་མགོ་ཞིག་བཙུགས་བཞག་ན་ཡུན་གྱིས་ཕར་བརྟེན་ཚུར་བརྟེན་བྱས་ནས་འགྲིག་འགྲོ་ཡི་རེད་ལབ་ཡིན། དེ་འདྲ་བྱས་ནས་ད་ལྟའི་བར་དུ་དམིགས་ཡུལ་ཞིག་བཟུང་སྟེ། དེ་རིང་ཟབ་སྦྱོང་ཐེངས་ ༡༣ པ་དེ་ཆགས་བསྡད་ཡོད། ངས་གསལ་པོ་དྲན་བསྡད་པ་ཞིག་ལ་ཕྱི་ལོ་ ༢༠༠༦ ལོར་ཟབ་སྦྱོང་མགོ་འཛུགས་སྐབས་འཛུལ་ཞུགས་པ་གང་ལ་གང་འཚམ་གྱིས་ཤེས་ཡོན་ཅན་དང་མི་རྒན་པ་རེད། སྐབས་དེར་ཟབ་སྦྱོང་ཚར་རྗེས་འཛུལ་ཞུགས་པ་ཚོས་ང་ཚོར་སྙན་ཞུ་ཞིག་བརྒྱབས་བྱུང་། སྙན་ཞུ་ནང་ཟབ་སྦྱོང་འདིས་ང་ཚོར་ཞེ་དྲགས་ཕན་བྱུང་བས། ཐུགས་རྗེ་གཟིགས་མི་མང་པོ་ཞིག་ལ་ཕན་ཐོགས་ཆེད་ཟབ་སྦྱོང་འདི་མུ་མཐུད་སྤེལ་རོགས་ཞེས་ང་ཚོར་ཡི་གེ་བྲིས་པ་ལ་སོགས་བྱུང་མྱོང་ཡོད། དེར་བརྟེན་ད་ལྟའི་བར་ང་ཚོས་ཟབ་སྦྱོང་སྤེལ་ནས་ཡོང་ཡོད་ལ་ཁ་ཡོད་ལག་ཡོད་ཐོག་ཕན་ཐོགས་ཡོད་པའི་གྲུབ་འབྲས་ཀྱང་གང་འཚམ་ཞིག་ཐོན་ཡོད་བསམ་གྱི་ཡོད། ཡང་གྲུབ་འབྲས་དེ་དཔེ་མཛོད་ཁང་གི་བྱས་རྗེས་བཞག་ཡོད་པའི་སྐད་ཆ་མ་རེད། འོན་ཀྱང་། ང་ཚོའི་ལོ་གཞོན་པ་ཚོར་སྙིང་སྟོབས་དང་རྣམ་དཔྱོད།  སེམས་ཤུགས། མདུན་ལམ། དེ་བཞིན་རིག་གཞུང་ཉར་ཚགས་སོགས་གནད་འགག་མང་པོ་ཞིག་མཐོང་ནས་ང་ཚོ་ཚང་མས་གང་ལ་གང་འཚམ་གྱིས་ཧུར་བརྩོན་བྱེད་དགོས་ཀྱི་འདུག་བསམ་པ་ནང་བཞིན་དཔེ་མཛོད་ཁང་གི་ལས་བྱེད་ཚང་མ་མཉམ་རུབ་ཐོག་ཤུགས་བརྒྱབས་ནས་བྱས་བསྡད་ཡོད། ཅེས་དང་།  དེང་སང་ལས་ཁུངས་མང་པོ་ཞིག་ལ་ཅིག་བྱས་ཡོད་ཟེར་ནས་ལས་ཀའི་རྣམས་གྲངས་ཤིག་དགོས་ཀྱི་ཡོད་པ་དང་། བོད་ཀྱི་དཔེ་མཛོད་ཁང་གིས་ལས་འགུལ་གང་སྤེལ་བ་ཚང་མ་གཞན་ཕན་གྱི་དགོས་པ་རྒྱུ་མཚན་མང་པོ་ཞིག་ཡོད་པ་ལ་བརྟེན་ནས་བྱས་བསྡད་ཡོད་པ་མ་གཏོགས། ལས་ཀའི་རྣམས་གྲངས་ནང་ཐོ་འགོད་བྱེད་ཆེད་རྩ་བ་ཉིད་ནས་མིན་སྐོར་སོགས་བརྗོད་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་མཁས་དབང་ངག་དབང་ཕུན་ཚོགས་ལགས་ཀྱིས། བོད་ཀྱི་དཔེ་མཛོད་ཁང་ནི་རིག་གཞུང་རྩ་འཛིན་ཐོག་བསྟི་གནས་ཞེ་དྲགས་གལ་ཆེན་པོ་ཞིག་ལ་ངས་ངོས་འཛིན་ཞུ་ཡི་ཡོད། དེར་བརྟེན། དེ་རིང་འདིར་སྐད་བཏང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་དེ་རིང་འདིར་རྣམ་པ་ཚོས་སོ་སོ་ངོ་སྤྲོད་གནང་སོང་ལ། དམིགས་ཡུལ་བཟང་པོ་ཞེ་དྲགས་བཟུང་ནས་འདིར་བསླེབས་འདུག ངའི་ངོས་ནས་གོ་སྐབས་འདི་ཁྱེད་རང་ཚོར་མཐུན་རྐྱེན་ཞེ་དྲགས་ཡག་པོ་ཞིག་ཏུ་བརྩི་ཡི་ཡོད། འོན་ཀྱང་། མཐུན་རྐྱེན་འདི་བེད་སྤྱོད་བྱས་ནས་ལྕགས་སྐུད་འདྲ་པོ་ཡིན་ན་སོ་སོས་འོག་ནས་ཡག་པོ་བཟོ་དགོས་ཀྱི་ཡོད་པ་རེད། ལྕགས་སྐུད་དེ་དངོས་གནས་དྲང་གནས་ཁུངས་ལྡན་ཞིག་བཟོ་རྒྱུ་གལ་ཆེན་ཡིན་པ་ལས། ལམ་སང་ཆག་ཆག་ཅིག་བཟོས་པ་ཡིན་ན་སྒང་ནས་ག་འདྲ་འཐེན་ཡང་འོག་ནས་བཟུང་ཐུབ་ཀྱི་ཡོད་པ་མ་རེད། དེར་བརྟེན་དེ་བེད་སྤྱོད་གཏང་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད་བསམ་གྱི་འདུག བསམ་བློ་ཞིག་བཏང་ན་སྔོན་མ་བོད་ནང་ལོ་ཙྰ་བ་མང་པོ་ཞིག་ཕེབས་ཡོད་པ་རེད། ཁོང་རང་ཚོའི་བྱས་རྗེས་ལ་བསམ་བློ་རེ་གཏོང་སྐབས་ང་ནི་ཧ་ལས་ཀྱི་འདུག སངས་རྒྱས་ཀྱི་ཆོས་པོད་བརྒྱད་ཁྲི་བཞི་སྟོང་དང་། རྒྱ་གར་གྱི་པནྜིཏ་མང་པོ་ཞིག་གི་གསུང་བོད་སྒྱུར་ཞུས་བཞག་ཡོད་པ་རེད། དེ་དུས་ཁོང་རང་ཚོར་ད་ལྟ་ཁྱེད་རང་ཚོར་ཡོད་པ་ནང་བཞིན་གྱི་མཐུན་རྐྱེན་ཡོད་པ་རེད་པས་ལབ་ན་ཧ་ལམ་མེད་པ་གཞིར་བཞག་རེད། དཔེར་ན་ཚིག་མཛོད་ཅིག་ཀྱང་ཡོད་རྒྱུ་མ་རེད། མཐུན་རྐྱེན་དེ་འདྲ་དཀོན་པོ་ཞིག་ཡོད་པའི་ཐོག་ལ་ཁོང་རང་ཚོས་བྱས་རྗེས་དེ་འདྲ་ཡག་པོ་བཞག་ཡོད་པ་དེར་ང་ཧང་སང་གི་འདུག རྩ་བའི་ང་བོད་ཀྱི་རིག་གཞུང་ཐོག་ཆེད་སྦྱོང་བྱས་བཞག་པ་དེ་འདྲ་ཁྱོན་ནས་མིན། འོན་ཀྱང་བོད་པ་ཞིག་ཡིན་པའི་ཆ་ནས་སོ་སོའི་རིག་གཞུང་ལ་དོ་སྣང་ཞིག་བྱེད་ཀྱི་ཡོད་དུས་ཁོང་རྣམ་པར་ཧ་ལས་ཀྱི་འདུག དེར་བརྟེན། ཁྱེད་རང་ཚོ་ཁོང་ཚོའི་རྗེས་འབྲང་བ་ཆགས་འགྲོ་ཡི་ཡོད་པ་རེད། ད་ལྟའི་ཆར་ཁྱེད་རང་ཚོར་མཐུན་རྐྱེན་བཟང་པོ་འདི་འདྲ་ཞིག་ཡོད་དུས་ཁོང་ཚོ་ནང་བཞིན་དཀའ་ལས་རྒྱག་རྒྱུ་གལ་ཆེན་ཆགས་ཡོད། ཅེས་གསུངས་སོང་།

གསར་འགོད་པས་ཡོ་ཁུ་རན་ནས་ཡོང་བའི་ཟབ་སྦྱོང་འཛུལ་ཞུགས་པ་བུ་མོ་ཇོ་ལེ་ཡ་བསྟན་འཛིན་དབྱངས་ཅན་ལགས་སུ། ཟབ་སྦྱོང་ནང་འཛུལ་ཞུགས་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་འདྲི་སྐབས་མོས། ང་ཡོ་ཁུ་རན་ནས་ཡིན། ཟབ་སྦྱོང་འདི་བརྒྱུད་ང་རང་གི་སློབ་སྦྱོང་ཡག་པོ་ཆགས་ཀྱི་རེད་བསམ་གྱི་འདུག་ལ། མ་འོངས་པར་ང་རང་གིས་ནང་ཆོས་སྦྱོང་བར་ཕན་ཐོགས་པ་མ་ཟད། མི་ཚང་མར་ཕན་ཐོགས་པའི་ལས་ཀ་ཞིག་སྒྲུབ་ཐུབ་ཀྱི་རེད་བསམ་གྱི་འདུག།ཅེས་བརྗོད་བྱུང་བ་དང་།  ༧ཏྰ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན་པའི་སློབ་མ་བསྟན་འཛིན་རིན་ཆེན་ལགས་ཀྱིས། ང་ཟབ་སྦྱོང་འདིའི་ནང་འཛུལ་ཞུགས་བྱེད་དོན་གཙོ་བོ་ནི། ང་རང་ནམ་རྒྱུན་ནས་རྩོམ་དང་སྙན་ངག་འབྲི་རྒྱུར་དགའ་པོ་ཡོད། དེར་བརྟེན། ད་རེས་ཀྱི་རྩོམ་སྒྱུར་ཟབ་སྦྱོང་ནང་ཞུགས་པ་ཡིན་ན་དམིགས་བསལ་བློ་སྐྱེད་ཅིག་དང་། མཐོང་རྒྱ་ཞིག་རག་གི་རེད་བསམ་ནས་ཞུགས་པ་ཡིན་ལ། མ་འོངས་པར་ང་རང་སྤྱི་ཚོགས་རྩོམ་པ་པོ་ཞིག་བྱས་ཏེ་སྒྱུར་རྩོམ་ཐོག་ལས་ཀ་བྱ་རྒྱུ་དང་། དམིགས་བསལ་སྒེར་ངོས་ནས་དཔེ་བསྒྱུར་བྱ་རྒྱུ་སོགས་ཀྱི་འདོད་པ་ཡོད། ཅེས་བརྗོད་བྱུང་།

བོད་ཀྱི་དཔེ་མཛོད་ཁང་གིས་ལོ་རེར་སློབ་ཕྲུག་གྲངས་ ༣༠ ཡས་མས་རེར་རྩོམ་སྒྱུར་ཟབ་སྦྱོང་འདི་སྤྲོད་ཀྱི་ཡོད་པ་དང་། ད་ལྟའི་བར་ཁྱོན་སློབ་ཕྲུག་ ༤༠༠ ཙམ་ཞིག་ལ་ཟབ་སྦྱོང་འདི་སྤྲད་ཡོད་པ་མ་ཟད། བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྱུར་ཟབ་སྦྱོང་འདིའི་ནང་ཐོ་འགོད་བྱེད་མཁན་ལོ་རེ་ནས་ལོ་རེ་བཞིན་ཇེ་མང་དུ་འགྲོ་ཡི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༧/༠༢

Leave a Reply

One thought on “བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྱུར་ཟབ་སྦྱོང་མགོ་འཛུགས་བྱས།  

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེ

    སྔོན་བྱོན་རྒྱ་བོད་ལོ་ཙ་མཁས་པ་ཚོའི་།
    དཀའ་སྤྱད་སྲོག་འབེན་ལུས་སྲོག་ལོངས་སྤྱོད་རྒྱུད་།
    བཞག་པའི་རིག་གཞུང་བོད་མིའི་སྲོག་རྩ་ལ་།
    གཅེས་ཉར་དམ་འཛིན་ཐུབ་ལ་བློ་མ་ཆུང་།