ཐའེ་ལན་ཌིའི་རྐང་སྤོལ་རྩེད་མོ་བ་བྲག་ཕུག་ནང་ནས་རྙེད།

ཐའེ་ལན་ཌིའི་རྐང་རྩེད་སྤོ་ལོའི་རུ་ཁག་ཅིག་གི་དགེ་རྒན་དང་བྱིས་པ་ ༡༢ བོར་བརླག་ཏུ་ཕྱིན་ཏེ་ཉིན་གྲངས་ ༡༠ འཁོར་རྗེས་ཆུས་ཁེངས་བའི་བྲག་ཕུག་ཅིག་ནས་རྙེད་ཡོད་འདུག

དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཉེ་སྔོན་ཕྱི་ཟླ་ ༦ ཚེས་ ༢༣ ཉིན་ཐའེ་ལན་ཌའི་རྐང་སྤོལ་རུ་ཁག་(Wild Boar)གི་རྩེད་མོ་བ་བྱིས་པ་ ༡༢ དང་དེ་དག་གི་རྐང་སྤོལ་དགེ་རྒན་གཅིག་བཅས་བོར་བརླག་ཏུ་ཕྱིན་ཡོད་པ་དང་། ཉིན་གྲངས་ ༡༠ རྗེས་སུ་དབྱིན་ཇིའི་བྲག་འཛེགས་པ་གཉིས་ཡུལ་དེའི་ཆཱན་རའེ་གྲོང་ཁྱེར་(Chiang Rai) ཉེ་འགྲམ་གྱི་ཐཱམ་ལེན་བྲག་ཕུག་(Tham Luang caves)ཏུ་ཕྱིན་སྐབས་རྙེད་སོན་བྱུང་ཡོད་པ་དང་། ཐའེ་ལན་ཌིའི་ཛ་དྲག་མྱུར་སྐྱོབ་ཁང་གིས་བརྗོད་པ་ལྟར་ན་ད་ལྟའི་ཆར་བྲག་ཕུག་ཆུའི་བཀང་ཡོད་པས་ཁོ་ཚོ་ཕྱིར་འདོན་པར་ཟླ་བ་གཅིག་ལྷག་ཙམ་འགོར་རྒྱུ་ཡིན་སྐོར་བསྒྲགས་འདུག

བྱིས་པ་དེ་དག་ནི་ལོ་༡༡ ནས་ ༡༦་བར་དང་། ཁོ་ཚོའི་རྐང་སྤོལ་དགེ་རྒན་ལོ་ ༢༥ ཡིན་ལ། དགེ་རྒན་གྱིས་རྩེད་མོ་བ་རྣམས་འཁྲིད་དེ་སྤྲོ་འཆམ་དུ་ཕྱིན་སྐབས། ཆར་བ་ཤུགས་ཆེན་བརྒྱབས་རྐྱེན་ཁོ་ཚོ་བྲག་ཕུག་ཅིག་གི་ནང་ལ་འཛུལ་ཡོད་པ་དང་། ཆར་པ་ཡུན་རིང་བབས་ཏེ་རིམ་གྱིས་བྲག་ཕུག་ནང་ཆུས་ཁེངས་ཡོད་པ་དང་། བྱིས་པ་ཚོས་ཆུ་རྐྱལ་ཤེས་ཀྱི་མེད་པས་ཚང་མ་བྲག་ཕུག་གི་ཅུང་མཐོ་ས་ཞིག་ཏུ་རུག་རུག་བྱས་ནས་བསྡད་དེ་ཕྱིར་འབུད་ཐུབ་མེད་པ་དང་། ཁོ་ཚོའི་རྐང་འཁོར་དང་རྐད་རྩེད་སྤོ་ལོའི་ལྷམ་སོགས་བྲག་ཕུག་སྒོ་འགྲམ་དུ་ལྷག་ཡོད་འདུག

ད་ལྟའི་ཆར་མུ་མཐུད་ཆར་བ་ཤུགས་ཆེན་འབབ་བཞིན་ཡོད་པ་དང་། བྱིས་པ་ཚོ་བྲག་ཕུག་གི་སྒོ་ཁ་ནས་ཡར་སྤྱི་ལེ་ ༤ ཙམ་གྱི་མཐོ་སར་འཛེགས་ནས་བསྡད་ཡོད་པ་དང་། བྲག་ཕུག་གི་ཕྲེང་ཧ་ཅང་དོག་པས་སྦྱོང་བརྡར་ཡོད་པའི་མི་ཞིག་མ་གཏོགས་སྤྱིར་བཏང་གི་མི་ཞིག་ཐར་ཁག་པོ་ཡོད་འདུག བྱིས་པའི་ཕ་མ་ཚོས་མདང་ནུབ་མཚན་གང་བོར་བྲག་ཕུག་གི་སྒོ་ཁ་ནས་སྲུང་སྟེ་བསྡད་ཡོད་པ་དང་།  བྱིས་པ་ཞིག་གི་ཨ་མ་ངུ་བཞིན་དུ་མདང་ནུབ་མཚན་གང་བོར་ང་གཉིད་ཁུག་མ་སོང་། ངས་ཁོ་ཚོ་ཚང་མ་བདེ་འཇགས་ངང་བྲག་ཕུག་ཕྱི་ལ་འབུད་ཐུབ་པའི་རེ་བ་རྒྱག་བཞིན་ཡོད། ཅེས་བརྗོད་འདུག

ཐའེ་ལན་ཌའི་དམིགས་བསལ་མཚོ་དམག་གི་ངོ་དེབ་སྟེང་སྤེལ་བའི་བརྙན་ཐུང་ལྟར་ན། དབྱིན་ཇིའི་བྲག་འཛེགས་པ་གཅིག་གིས་ཁོ་ཚོར་དབྱིན་སྐད་ཀྱིས་ཁྱེད་ཚོར་མི་ག་ཚོད་ཡོད་ཅེས་འདྲི་བཞིན་བྲག་ཕུག་ནང་དུ་གློག་བཀར་བཞིན་ཡོད་པ་དང་། ཁོ་ཚོ་ཚང་མ་ཆུའི་སྐོར་བའི་བྲག་ཕུག་ཟུར་གྱི་ས་འབུར་ཞིག་གི་སྟེང་དུ་རུག་རུག་བྱས་ནས་བསྡད་ཡོད་པ་དང་ཁོ་ཚོའི་ནང་དུ་མི་གཅིག་གིས་ང་ཚོར་མི་ ༡༣ ཡོད་ཅེས་བརྗོད་ཡོད་པ་དང་། ཡང་བྱིས་པ་ཞིག་གིས་ང་ཚོ་ག་དུས་ཕྱིར་འདོན་ཐུབ་ཀྱི་རེད་ཅེས་དྲིས་པར་དབྱིན་ཇིའི་བྲག་འཛེགས་པ་གཞན་དེས། དེ་རིང་ཐུབ་ས་མ་རེད། འདིར་མི་གཉིས་ལས་མེད་ལ་ང་ཚོ་གཉིས་བྲག་འཛེགས་པ་ཡིན། ང་ཚོ་མགྱོགས་པོར་ཡོང་དགོས་མི་མང་པོ་མཉམ་དུ་ཡོང་གི་ཡིན་ཞེས་བརྗོད་པར། བྱིས་པ་གཞན་ཞིག་གིས་ཟ་མ་དགོས། ང་ཚོའི་གྲོད་ཁོག་ལྟོགས་ཀྱི་འདུག་ཅེས་བརྗོད་འདུག

ཡུལ་དེའི་གྲོང་ཁྱེར་མགོ་འཁྲིད་(Narongsak Osottanakorn) ཞེས་པ་ཞིག་གིས་གསར་འགོད་ལྷན་ཚོགས་བསྐོངས་ཏེ། བོར་བརླག་ཏུ་ཕྱིན་པའི་བྱིས་པ་རྣམས་བདེ་འཇགས་ངང་རྙེད་སོན་བྱུང་སོང་ལ། ང་ཚོའི་དམིགས་ཡུལ་ནི་ཁོ་ཚོ་ཉེན་ཁ་ནས་བསྐྱབ་སྟེ་ནང་མིར་རྩིས་སྤྲོད་རྒྱུ་དེ་རེད། ཅེས་བརྗོད་ཡོད་འདུག

ཡང་ཁོང་གིས། ང་ཚོས་བྲག་ཕུག་གི་ཆུ་ཕྱི་ལ་འདོན་ཐབས་བྱས་ཏེ། སྨན་པ་དང་སྨན་ཞབས་སོགས་བཏང་སྟེ་ཁོ་ཚོའི་འཕྲོད་བསྟེན་ལ་བརྟག་དཔྱད་བྱ་རྒྱུ་ཡིན་ལ། གལ་ཏེ་སྨན་པའི་ཁོ་ཚོའི་གཟུགས་པོའི་གནས་སྟངས་ཡག་པོ་ཡོད་པ་དང་འགུལ་སྐྱོད་བྱེད་ཆོག་པ་ཡིན་ན་ང་ཚོས་བྲག་ཕུག་ནས་བཏོན་སྟེ་ཕྱིར་ནང་ལ་བསྐྱལ་རྒྱུ་ཡིན་པ་མ་ཟད། མ་འོངས་པར་ཁོ་ཚོ་སློབ་གྲྭའི་ནང་མ་སོང་བར་དུ་ཁོ་ཚོའི་གནས་སྟངས་ཡོངས་ལ་ལྟ་རྟོག་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

ད་ལྟའི་ཆར་མི་ ༡༠༠༠ ལྷག་གིས་ཡུལ་དངོས་སུ་བྲག་ཕུག་གི་ཆུ་ཕྱིར་འདོན་གྱི་ཡོད་པ་དང་། རྒྱ་ནག་དང་འབར་མ། ཨོ་སི་ཊོ་ལི་ཡ། ཨ་རི། དབྱིན་ཡུལ་སོགས་ཀྱི་ཉེན་སྐྱོབ་རུ་ཁག་རོགས་སྐྱོར་ཆེད་དུ་ཡོང་ཡོད་འདུག  བྱིས་པ་ཚོའི་ཕ་མ་དང་ནང་མི། ཡུལ་མི་སོགས་ཧ་ཅང་དགའ་བཞིན་ཡོད་པ་དང་། བྲག་ཕུག་གི་ཉེ་འདབས་སུ་ཁྱིམ་ཚང་ཞིག་གི་ཞིང་ས་ཡོད་པ་དང་། བྲག་ཕུག་ནས་ཆུ་མང་པོ་ཕྱིར་བཏོན་ན་ལོ་ཏོག་ལ་གནོད་སྐྱོན་འགྲོ་ཡི་ཡོད་ཀྱང་། ཁྱིམ་ཚང་དེས་བྱིས་པ་རྣམས་སྐྱོབ་ཐུབ་སོང་ན་ཞིང་སར་གནོད་པ་ཐེབས་ཀྱང་སྐྱོན་མེད་སྐོར་བརྗོད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༠༣

Leave a Reply

One thought on “ཐའེ་ལན་ཌིའི་རྐང་སྤོལ་རྩེད་མོ་བ་བྲག་ཕུག་ནང་ནས་རྙེད།

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེ

    ཧཧཧ་ཡ་ཚན་རེད་བྲག་ཕུག་ནང་གློག་ཡོད་ཀྱང་ལག་ཁྱེར་སྐད་འཕྲིན་མེད་པ་ག་འདྲ་ཡིན་ནམ་།
    དེང་སང་འཕྲུལ་ཆས་ཀྱི་དུས་རབས་ནང་ཆུ་འཕྲུལ་ཆས་ཀྱི་མ་གཏོན་པར་མི་གཅིག་སྟོང་གི་ཆུ་འདོན་པ་ཟེར་བ་དེ་ག་འདྲ་ཡིན་ནམ་ཧཧཧ
    ངོ་མའི་ཡ་ཚན་རང་རེད་ཡིད་ཆེས་དཀའ་སོང་ངོ་།