མ་ལི་ཤི་ཡའི་སྲིད་ཟུར་བཀག་སྡོམ་བྱས།

མ་ལི་ཤི་ཡའི་སྲིད་བློན་ཟུར་པ་ནཱ་ཇིབ་རཱ་ཛག་གིས་ལྐོག་ཟ་རུལ་སུངས་དང་དབང་ཆ་ལོག་སྤྱོད་བྱས་པའི་ཉེས་མིང་འོག་ཁྲིམས་བཤེར་བཀག་སྡོམ་འོག་ཚུད།ཟླ་འདིའི་ཕྱི་ཚེས་ ༣ ཉིན་མ་ལི་ཤི་ཡའི་སྲིད་བློན་ཟུར་པ་ནཱ་ཇིབ་རཱ་ཛག་ (Najib Razak) ལྐོག་ཟ་རུལ་སུངས་དང་དབང་ཆ་ལོག་སྤྱོད་ཀྱི་ཉེས་མིང་འོག་རང་ཁྱིམ་ནས་འཛིན་བཟུང་བྱས་ཏེ། དེ་རིང་ཞོགས་པ་ཡུལ་དེའི་ཆུ་ཚོད་ ༨།༣༠ ཐོག་མ་ལི་ཤི་ཡའི་ཆེས་མཐོའི་ཁྲིམས་ཁང་གིས་ཁྲིམས་བཤེར་བྱས་ཡོད་འདུག་ལ། ཁོའི་ནག་ཉེས་རྣམས་ར་འཕྲོད་བྱུང་ཚེ་ལོ་ ༢༠ ཙམ་གྱི་ཁྲིམས་ཆད་ཕོག་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག

ཡུལ་དེའི་ཁྲིམས་ཁང་གིས་སྲིད་ཟུར་ནཱ་ཇིབ་རཱ་ཛག་གིས་དབང་ཆ་ལོག་སྤྱོད་བྱས་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ནས་ ༢༠༡༥ ཟླ་ ༡ བར་རྒྱལ་ཁབ་ཡར་རྒྱས་ཐེབས་རྩའི་དངུལ་ཨ་སྒོར་ས་ཡ་ ༡༠ ཁོ་རང་སྒེར་གྱི་དངུལ་བྱང་ནང་བླུགས་པ་སོགས་གཞུང་དངུལ་ཧམ་བཟོས་བྱས་པའི་ནག་ཉེས་གསུམ་འཛུགས་ཀྱི་ཡོད་ཀྱང་། སྲིད་ཟུར་གྱིས་གསར་ལམ་ཁག་ཏུ་ཁོང་ལ་ནག་ཉེས་གང་ཡང་མེད་པ་མ་ཟད། ཁོང་གི་ཁྱིམ་ནས་རྙེད་པའི་དངུལ་དངོས་འབོར་ཆེན་དེ་དག་ནི་ཞལ་འདེབས་ཡིན་སྐོར་བརྗོད་འདུག

ནཱ་ཇིབ་རཱ་ཛག་གིས་ཨ་སྒོར་ཁྲི་ ༢༥ ཡི་གཏའ་དངུལ་བཞག་སྟེ་གནས་སྐབས་རིང་སྲིད་གཞུང་གི་ལྟ་རྟོག་འོག་ཀློད་གྲོལ་བཏང་ཡོད་པ་དང་། ཁོང་གིས་མ་འོངས་པར་ཁྲིམས་ལུགས་གཞིར་བཟུང་དྲང་བདེན་གྱི་ཐག་གཅོད་ཅིག་ཡོང་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་འདུག

གསར་ལམ་ཁག་གི་གནས་ཚུལ་ལྟར་ན། མ་ལི་ཤི་ཡ་ལྐོག་ཟ་རུལ་སུངས་འགོག་རྒོལ་ལས་ཁང་ (Malaysia’s anti-corruption Agency) གིས་ནཱ་ཇིབ་རཱ་ཛག་ལ་འདྲི་གཅོད་བྱས་ཡོད་པ་མ་ཟད། ཁོང་གི་བཟའ་ཟླ་དང་རྒྱལ་སྤྱིའི་གྲགས་ཆེ་པའི་གློག་བརྙན་བཟོ་སྐྲུན་ཁང་ཧོ་ལི་ཝུཌ་ (Hollywood) གློག་བརྙན་བཟོ་སྐྲུན་པ། སྲིད་བློན་ཟུར་པ་ཁོང་གི་བུ་ཚབ་རི་ཛཱ་ཨེ་ཛེ་ (Riza Aziz) གཉིས་ལའང་འདྲི་གཅོད་བྱས་ཡོད་འདུག

ད་ལོའི་ཕྱི་ཟླ་ ༥ ནང་སྲིད་བློན་གསར་པ་མཱ་ཧཱ་ཊིར་མོ་ཧཱ་མད་ (Mahathir Mohamad) ཀྱིས། ཨ་རི་དང་སུད་སི། སེང་གྷ་པུར། ཁ་ན་ཌ་སོགས་རྒྱལ་ཁབ་འགའི་སྐུ་ཚབ་འདུས་པའི་དམིགས་བསལ་ཞིབ་འཇུག་ལས་དོན་ཚོགས་ཆུང་ཟུར་འཛུགས་བྱས་ཏེ། ཕྱི་ལོ་ ༢༠༡༥ ལོར་བྱུང་པའི་གཞུང་དངུལ་ལྐོག་ཟ་དང་འབྲེལ་པའི་གྱོད་དོན་ཁག་བསྐྱར་ཞིབ་བྱས་ཡོད་པ་དང་། ཨེལ་ཇཱ་ཛི་རཱ་(Aljazeera) གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༥ ནང་རྒྱལ་ཁབ་ཡར་རྒྱས་ཐེབས་རྩ་ཁང་ (1Malaysia Development Berhad) ནས་ཁྱོན་ཨ་སྒོར་དུང་ཕྱུར་ ༤༠ གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། སྲིད་ཟུར་ནཱ་ཇིབ་རཱ་ཛག་ཁོ་རང་སྒེར་གྱི་དངུལ་བྱང་ནང་ཨ་སྒོར་ས་ཡ་ ༧༠༠ བླུགས་ཡོད་འདུག

རྒྱལ་ཁབ་ཡར་རྒྱས་ཐེབས་རྩ་ཁང་གི་དངུལ་གྱི་གནད་དོན་དང་འབྲེལ་ཏེ། བདུན་ཕྲག་སྔོན་མར་མ་ལི་ཤི་ཡ་གཞུང་གིས་ཡུལ་དེའི་མི་སྒེར་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ ༤༠༨ ཀྱི་དངུལ་བྱང་སྒོ་བརྒྱབས་ཡོད་པ་དང་། དངུལ་བྱང་དེ་དག་ནང་ཁྱོན་ཨ་སྒོར་དུང་ཕྱུར་ ༡༠ ཙམ་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༧/༠༤

Leave a Reply