དབོན་སྟོད་དགོན་ནས་ལྡེབས་བྲིས་མང་པོ་རྙེད།

སྡེ་དགེ་དབོན་པོ་སྟོད་དབོན་སྟོད་དགོན་ནས་ནང་བསྟན་ཆོས་ལུགས་ཀྱི་ལྡེབས་རིས་མང་པོ་རྙེད་དེ་བོད་ཀྱི་རི་མོའི་སྒྱུ་རྩལ་ལ་ཞིབ་འཇུག་གི་རྒྱུ་ཆ་གལ་ཆེན་ཆགས་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་༣ ཉིན། སྡེ་དགེ་དབོན་པོ་སྟོད་དབོན་སྟོད་དགོན་དུ་ནང་བསྟན་ཆོས་ལུགས་ཀྱི་ལྷ་སྐུའི་ལྡེབས་རིས་མང་པོ་ཞིག་གསར་རྙེད་བྱུང་ཡོད་པ་དང་། ལྷ་བྲིས་དགེ་རྒན་ཆེན་མོ་དཀོན་མཆོག་བསྟན་འཛིན་ཞེས་པ་ཞིག་གིས། ལྷ་སྐུའི་ཚད་གཞི་དང་ཚོན་མདོག་གི་སྤུས་ཀ རི་མོའི་འབྲི་ཐབས་སོགས་ལ་དཔྱད་པ་ཡིན་ན། ལྡེབས་རིས་དེ་དག་དུས་རབས ༡༤ ནས་ ༡༥ བར་ལ་བཞེངས་བ་ཡིན་སྐོར་བརྗོད་འདུག

ལྡེབས་རིས་དེ་དག་ནི་དབོན་སྟོད་དགོན་གྱི་འདུ་ཁང་དང་ལྷ་ཁང་།  སྲུང་མ་ཁང་སོགས་ལྷ་ཁང་རྙིང་པ་འགའ་ནས་རྙེད་ཡོད་པ་དང་། ལྡེབས་རིས་ལྷ་སྐུ་དག་ནི་སངས་རྒྱས་ཤཱཀྱ་ཐུབ་པ་དང་མགོན་པོ་འོད་དཔག་མེད།  རྒྱལ་བ་རིགས་ལྔ་དང་རྡོ་རྗེ་འཆང་།  སྒྲོལ་ལྗང་། གནས་བརྟན་བཅུ་དྲུག  ཀུན་རིག་རྩ་ལྷ་སོགས་ཡིན་པ་དང་། ཐང་བྲིས་སྒྱུ་རྩལ་བ་ཁག་ཅིག་གིས་ཞིབ་འཇུག་བྱས་པ་བརྒྱུད། ལྡེབས་རིས་དེ་དག་ནི་ད་ལྟའི་བར་རྙེད་སོན་བྱུང་བའི་ལྡེབས་རིས་དག་ལས་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་། ནང་དོན་རྒྱ་ཆེ་བས་བོད་ཀྱི་རི་མོའི་སྒྱུ་རྩལ་ལ་ཞིབ་འཇུག་གི་རྒྱུ་ཆ་གལ་ཆེན་ཞིག་ཆགས་ཡོད་སྐོར་བརྗོད་འདུག

དབོན་སྟོད་དགོན་ནི་སྡེ་དགེ་རྫོང་དབོན་པོ་སྟོད་ཕྱུག་ཐང་སྒང་གྲོང་སྡེའི་རྫོང་དང་བར་ཐག་སྤྱི་ལེ ༧༣ ཡོད་པའི་འབྲི་ཆུའི་འགྲམ་ངོགས་སུ་ཆགས་ཡོདཔ་དང་།  དགོན་པ་དེ་ནི་ས་སྐྱའི་ཆོས་ལུགས་གྲུབ་མཐའ་རུ་གཏོགས་ཤིང་རིག་གསར་སྐབས་གཏོར་བཤིག་བཏང་ཡོད་ན་ཡང་། ཕྱི་ལོ ༡༩༨༣ ལོར་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་ཟེར་བའི་ཆོག་མཆན་སྤྲད་དེ་དགོན་པ་བསྐྱར་བཞེངས་ཀྱིས་ཆོས་སྒོ་ཕྱེས་ཡོད་འདུག

 དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་བསྒྲིགས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་གྱི་དགོན་པའི་ལོ་རྒྱུས་ཕྱོགས་བསྡུས་ལྟར་ན། དབོན་སྟོད་དགོན་པ་ནི་སྔོན་ཆད་བོན་པོའི་དགོན་པ་ཞིག་ཡིན་པ་དང་། རྗེས་སུ་རྙིང་མའི་གྲུབ་མཐའ་རུ་བསྒྱུར་ནས་མཚན་ལ་ལྷ་ཁང་མདའ་བསྣུན་མ་ཞེས་གསོལ།  སྤྱི་ལོ་ ༡༢༧༦ ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་ནས་ཕྱིར་ས་སྐྱ་དགོན་དུ་ཕེབས་སྐབས་ས་སྐྱའི་གྲུབ་མཐར་བསྒྱུར་བ་མ་ཟད།  སྡེ་དགེ་རྒྱལ་པོ་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱི་རྒྱབ་སྐྱོར་འོག་ཏུ་དགོན་པའི་འདུ་ཁང་སོགས་རྟེན་དང་བརྟེན་པ་བཅས་བཞེངས་བསྐྲུན་གནང་ཤིང་།  རིག་གསར་སྐབས་གཏོར་བཤིག་དང་ཉམ་ཆག་ཆེན་པོ་མ་ཐེབས་པར་ལྷག་ལུས་བྱུང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༠༥

Leave a Reply