གྲུ་ནུབ་སྟེ་འགྲུལ་བ་ ༣༠ ལྷག་རྐྱེན་འདས་སུ་ཕྱིན།

རླངས་འཁོར་ཆེ་ཆུང་ ༤༨ དང་འགྲུལ་བ་ ༡༦༤ ལྷག་འཁུར་བའི་ཧིན་རྡུ་ནི་ཤི་ཡའི་འགྲུལ་སྐྱེལ་གྲུ་གཟིངས་ཤིག་ཆུར་ནུབ་སྟེ་འགྲུལ་བ་ ༣༡ རྐྱེན་འདས་སུ་ཕྱིན་ཡོད་འདུག

ཧིན་རྡུ་ནི་ཤི་ཡའི་འགྲིམས་འགྲུལ་བློན་ཆེན་གྱིས་ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོར་ཧིན་རྡུ་ནི་ཤི་ཡ་རྒྱ་མཚོའི་མཚོ་རླབས་དྲག་པོའི་ཁྲོད་འགྲུལ་སྐྱེལ་གྲུ་གཟིངས་ཤིག་གི་ཕྱེད་ཀ་ཆུར་ནུབ་སྟེ། མི་གྲངས་ ༣༡ ཤི་བ་དང་མི་ ༡༣༠ བསྐྱབས་ཐུབ་ཡོད་ཀྱང་། ད་ལྟའི་ཆར་མི་ ༣ གར་སོང་ཆ་མེད་དུ་གྱུར་ཡོད་སྐོར་བསྒྲགས་འདུག སི་ཨིན་ཨིན་གསར་ཁང་གིས་གྲུ་གཟེངས་དེའི་ནང་ཁྱོན་མི་ ༡༨༩ ཡོད་པ་ལས་ ༡༥༥ བསྐྱབས་ཡོད་ཚུལ་སྤེལ་འདུག

དོན་རྐྱེན་བྱུང་སྐབས་ལྷགས་རླུང་ཆེན་པོ་གཡུགས་ཏེ་གཞུང་འབྲེལ་ཛ་དྲག་མྱུར་སྐྱོབ་རུ་ཁག་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོར་མ་གཏོགས་བསླེབས་ཐུབ་མེད་པ་དང་། སྐབས་དེར་གྲུ་གཟེངས་ཀྱི་འགྲུལ་བ་འགའ་སྔ་ས་ནས་ཆུར་བརྐྱལ་ཏེ་བར་ཐག་རྨི་ ༢༠༠ ནས་ ༣༠༠ ཙམ་གྱི་སར་ཡོད་པའི་མཚོ་གླིང་ཞིག་ཏུ་བསླེབས་ཚར་ཡོད་འདུག

ཁ་སང་ཧིན་རྡུ་ནི་ཤི་ཡའི་མཚོ་འགྲུལ་འགན་འཛིན་ཨོ་གྷ་སི་ཨེ་ཆི་ཕོར་ནོ་མོ་ (Agus H. Purnomo) ཡིས། གྲུ་གཟིངས་ལ་ཉེན་ཁ་ཡོད་པ་ཤེས་རྟོགས་བྱུང་མ་ཐག གྲུ་གཟིངས་ཀྱི་ཁ་ཕྱོགས་ཆེས་ཉེ་པའི་མཚོ་གླིང་ཞིག་ལ་བསྒྱུར་ཏེ་མྱུར་སྐྱོབ་སྟབས་བདེ་རུ་གཏོང་བར་འབད་བརྩོན་བྱས་ཡོད་པ་མ་ཟད། ཛ་དྲག་མྱུར་སྐྱོབ་སྐབས་གྲུ་དཔོན་དང་གྲུ་བདག་གཉིས་ཆེས་མཐའ་མཇུག་ཏུ་གྲུ་ལས་ཐོན་ཡོད་པ་རེད། ཅེས་བརྗོད་ཡོད་འདུག

ཆེད་མཁས་པ་ཚོའི་ཚོད་དཔག་ལྟར་ན། གྲུ་གཟིངས་ནང་འགྲུལ་བ་དང་དངོས་ཟོག་གི་ལྗིད་ཚད་ཚད་ལས་བརྒལ་བ་དང་། ལྷགས་རླུང་ཆེ་བའི་རྐྱེན་གྱིས་གྲུ་གཟིངས་ཆུར་ནུབ་ཡོད་པ་དང་། གྲུ་གཟིངས་དེའི་ནང་འགྲུལ་བ་ ༡༦༤ ལྷག་ཡོད་པའི་ཁར་སྤྱི་སྤྱོད་རླངས་འཁོར་གཅིག་དང་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་འགའ་བཅས་ཁྱོན་རླངས་འཁོར་ཆེ་ཆུང་ ༤༨ ཡོད་འདུག

ཧིན་རྡུ་ནི་ཤི་ཡིའི་རྒྱ་མཚོའི་ནང་གླིང་ཕྲན་ཆེ་ཆུང་ ༡༧༠༠༠ ཙམ་ཡོད་པ་དང་། མཚོ་གླིང་བར་འགྲོ་སྐྱོད་ཤིན་ཏུ་མང་བས་དུས་རྒྱུན་མཚོ་གྲུ་ནུབ་པའི་དོན་རྐྱེན་བསྟུད་མར་བྱུང་བཞིན་ཡོད་འདུག འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༨ ཉིན་མི་གྲངས་ ༦༠ ཙམ་ལས་འཁུར་ཐུབ་ཀྱི་མེད་པའི་ཤིང་གྲུ་ཞིག་གིས་འགྲུལ་བ་ ༢༡༣ བཞག་ནས་འགྲུལ་སྐྱོད་བྱེད་སྐབས། གྲུ་གཟེངས་ཆུར་ནུབ་སྟེ་འགྲུལ་བ་ ༡༩༥ རྐྱེན་འདས་སུ་ཕྱིན་པར་བརྟེན། ཡུལ་དེའི་མི་མང་གིས་མཚོ་འགྲུལ་བདེ་འཇགས་ཐད་སྲིད་གཞུང་གིས་འགན་འཁུར་གྱི་མེད་པ་དང་། མཚོ་འགྲུལ་སྒྲིག་གཞི་དམ་པོ་དགོས་པའི་ངོ་རྒོལ་འབོད་སྐུལ་བྱས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༧/༠༥

Leave a Reply