ཀུན་ཕན་ལས་ཁང་གི་དུས་དེབ་འདི་ཕྱི་གསལ་ནང་གསལ་ཡོང་ཆེད་ཡིན།

ཀུན་ཕན་ལས་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས་ལས་ཁང་དེས་འདས་པའི་ལོ་ ༥ ནང་མྱོས་རྫས་ངན་གོམས་མཁན་ ༡༥ ལྷག་ལ་ཕན་ཐོགས་བྱུང་ཡོད་ཅེས་བརྗོད་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་ཡོངས་གླིང་སློབ་གྲྭའི་ཚོགས་ཁང་དུ། ཀུན་ཕན་ལས་ཁང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་དང་འབྲེལ། ཀུན་ཕན་ལས་ཁང་གི་ཕྱི་ལོ་ ༢༠༡༣ ནས་ ༢༠༡༨ བར་གྱི་ལས་དོན་སྙན་ཐོ་དུས་དེབ་ཐེངས་དང་པོ་དེ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་དང་དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་རམ་སི་ཝཱ་རབ (Ram Swaroop)ལགས་གཉིས་ཀྱི་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཀུན་ཕན་ལས་ཁང་གི་ལས་བྱེད། དེ་བཞིན་མྱོས་རྫས་ངན་གོམས་གཅོད་ཐབས་བྱེད་བཞིན་པའི་གཞོན་སྐྱེས་ཁག་ཅིག་བཅས་མི་གྲངས་ ༣༠ ལྷག་འཛོམས་འདུག

མཛད་སྒོའི་ཐོག་མར་བོད་མི་མང་སྤྱི་འཐུས་དང་ཀུན་ཕན་ལས་ཁང་གི་ལས་རོགས་ཟླ་བ་ཚེ་རིང་ལགས་ནས་ཀུན་ཕན་ལས་ཁང་ངོ་སྤྲོད་དང་འབྲེལ་ཁོང་གིས། ཕྱི་ལོ་ ༢༠༠༠ ལོ་ནས་ཀུན་ཕན་ལས་ཁང་མགོ་འཛུགས་གནང་ཡོད་པ་དང་། ཀུན་ཕན་ལས་ཁང་དེ་འཛུགས་དགོས་པའི་རྒྱུ་མཚན་ནི་ང་ཚོའི་སྤྱི་ཚོགས་ནང་སྔར་མེད་པའི་གོམས་གཤིས་ཆང་རག་དང་ཉལ་ཐའི་རིགས་སོགས་མྱོས་རྫས་ཀྱི་སྨན་བེད་སྤྱོད་བྱེད་མཁན་ལོ་རེ་ནས་མང་རུ་ཕྱིན་པ་དང་། དེ་འདྲའི་མང་པོ་བྱུང་བའི་སྐབས་མྱོས་རྫས་འཐེན་ནས་ནད་པ་ཆགས་པ་མང་པོ་ཞིག་རྒྱ་གར་གྱི་མྱོས་རྫས་བཀག་འགོག་ཁང་དེ་འདྲའི་ནང་འགྲོ་བཞིན་ཡོད་པ་དང་། དེ་ལ་ཕྱིན་པའི་སྐབས་སུ་སྐད་ཡིག་གི་དཀའ་ངལ་དང་གོམས་གཤིས་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པ། ལྷག་པར་དུ་དེ་འདྲའི་ནང་ལ་སོང་སྟེ་སྔོན་ཆད་མ་ཤེས་པའི་མྱོས་རྫས་རིགས་བེད་སྤྱོད་བྱེད་མཁན་ཆགས་ཀྱི་ཡོད་སྟབས། བོད་པ་རང་གི་གོམས་གཤིས་དང་མཐུན་པའི་ནད་གསོ་ཁང་ཞིག་མ་བཙུགས་པ་ཡིན་ན། མ་འོངས་པར་དཀའ་ངལ་དེ་ལས་ཆེ་རུ་འགྲོ་བར་དོགས་ནས་ད་ལྟའི་ཀུན་ཕན་ལས་ཁང་གི་ཚོགས་གཙོ་བསྟན་འཛིན་ཀུན་བཟང་ལགས་དགའ་ལྡན་ཕོ་བྲང་ན་ཡོད་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་སྙན་གསེང་ཞུས་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ཧིན་སྒོར་འབུམ་ ༢༥  གསོལ་སྩལ་གནང་བ་དེ་ཕྱི་ལོ་ ༢༠༡༠ བར་འཕྲོད་བསྟེན་ལས་ཁུངས་ལ་བཅོལ་ནས་དེ་ཡི་སྐྱེད་ཀ་ཡིས་ས་ཆ་ཉོ་ཐུབ་པ་བྱུང་བ་དང་། ཕྱི་ལོ་ ༢༠༡༦ ལོར་སྨན་རྩིས་ཁང་བརྒྱུད་ཐའེ་ཝན་གྱི་ཡེ་ཤེས་འཁོར་ལོའི་ཐེབས་རྩ་ཁང་གི་རོགས་རམ་འོག་ད་ལྟའི་ཆར་འཛུགས་སྐྲུན་ཆ་ཚང་འགྲུབ་ཡོད་པ་རེད། ཅེས་བརྗོད་སོང་།

ཡང་ཀུན་ཕན་ལས་ཁང་བཙུགས་ནས་ལས་ཀ་ག་རེ་བྱེད་ཐུབ་ཀྱི་ཡོད་པ་དང་། མྱོས་རྫས་ངན་གོམས་པ་ག་ཚོད་ཅིག་དྲག་སྐྱེད་བྱུང་ཡོད་པའི་སྐོར་ལ་ཁོང་གིས། ཀུན་ཕན་ལས་ཁང་ལ་དཔལ་འབྱོར་དང་འཛིན་སྐྱོང་གི་དཀའ་ངལ་ཅུང་ཙམ་འཕྲད་བསྡད་པ་ཡིན་དུས་འཛིན་སྐྱོང་ལྷན་ཚོགས་ཀྱིས་ང་ལ་འགན་ལེན་རོགས་ཞུ་ཞེས་བརྗོད་པ་ལྟར། ང་ལ་མཚོན་ན་ཕྱི་ལོ་ ༢༠༡༣ ནས་ཀུན་ཕན་ལས་ཁང་དུ་ལས་ཀ་བྱེད་པའི་འགན་འཁུར་བ་ཡིན། འདས་པའི་ལོ་ངོ་ ༥ ཡི་ནང་ཀུན་ཕན་ལས་ཁང་དུ་མྱོས་རྫས་ངན་གོམས་ནད་པ་ ༣༠ ལྷག་ཅིག་ལ་བདག་སྐྱོང་གིས་ཟ་མ་དང་སྡོད་གནས་སོགས་སྤྲད་པ་དང་། དེ་དག་གི་ཁྲོད་ནས་བཟོ་གྲྭ་དང་སློབ་གྲྭའི་ལས་བྱེད་ནང་ལས་གཉེར་བྱེད་མཁན་དང་། ཀུན་ཕན་ལས་ཁང་གི་ཡིག་ཚང་དང་ཀུན་ཕན་ནད་གསོ་ཁང་སོགས་ལ་ལས་ཀ་བྱེད་མཁན། དེ་བཞིན་ཕྱི་ལོགས་ཀྱི་སྡེ་ཚན་ཁག་ནང་ལས་གཉེར་བྱེད་མཁན་སོགས་ཁྱོན་མི་༡༥ ལྷག་ཅིག་དྲག་སྐྱེད་དང་ཕན་ཐོགས་བྱུང་བསྡད་ཡོད་པ་རེད།  ད་ཐེངས་ང་ཚོའི་དུས་དེབ་འདི་སྤྱི་ཚོགས་ནང་འགྲེམས་སྤེལ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་དེ། འདས་པའི་ལོ་ ༥ ནང་མི་མང་པོ་ཞིག་གིས་ཀུན་ཕན་ལས་ཁང་ཞེས་པས་ལས་ཀ་ག་རེ་བྱེད་ཀྱི་ཡོད་པ་སོགས་འགའ་ཤས་ཀྱིས་དངོས་ནས་མ་ཤེས་པ་དང་། འགའ་ཤས་ཤིག་གིས་ཤེས་ཀྱི་ཡོད་ན་ཡང་མི་ལ་བལྟས་ནས་ཁྱད་གསོད་དང་ངན་དམས་བྱེད་མཁན་ཡོད་བསྡད་པ་སོང་ཙང་། འགན་འཛིན་ལྷན་ཚོགས་ནས་གོ་བསྡུར་བྱས་ཏེ་དུས་དེབ་འདི་བརྒྱུད་གནས་ཚུལ་ག་རེ་ཡིན་ཡང་ཕྱི་གསལ་ནང་གསལ་ཆགས་པར་ཕན་གྱི་རེད་བསམ་ནས་འགྲེམས་སྤེལ་བྱས་པ་ཡིན། ཞེས་བརྗོད་སོང་།

དེའི་རྗེས་དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་ཀུན་ཕན་ལས་ཁང་ལ་མཚོན་ན། ང་ཚོ་ཚང་མས་ཐུགས་རྗེ་ཆེ་ཞུ་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་ཡང་བོད་ནང་ནས་མི་མང་པོ་རང་གི་རྒྱལ་ཁབ་ཀྱི་ཆེད་དུ་དམར་གསོད་བཏང་བ་དང་བཙོན་འཇུག་བྱས་པ། དེ་འདྲིའི་དཀའ་སྡུག་གི་འོག་ནས་མི་མང་པོ་སེམས་མི་སྐྱིད་པ་དང་དཀའ་ངལ་མང་པོ་ཞིག་འཕྲད་བསྡད་ཡོད་པ་རེད། ང་ཚོ་རང་དབང་ལུང་པའི་ནང་ལ་ཡོད་བསྡད་པའི་མི་འབོར་ཆུང་ཆུང་ཞིག་གི་ནང་ལ་ང་ཚོས་སོ་སོའི་མི་ལ་སོ་སོས་བདག་པོ་རྒྱག་མ་ཐུབ་པ་དང་། སོ་སོའི་མི་དེ་དག་འཕྲོ་བརླག་ཏུ་འགྲོ་ཡི་ཡོད་པ་མིག་མདུན་ལ་ཡོད་པ་ཡིན་ན་ཡང་། འགན་མ་འཁུར་བ་ཡིན་ན་ལོ་རྒྱུས་ནང་ལ་བློ་ཕམ་ཆེན་པོ་ཞིག་དང་ནག་ཉེས་ཆེན་པོ་ཞིག་ཏན་ཏན་ཆགས་ཀྱི་རེད། ཅེས་བརྗོད་སོང་།

ཡང་ཀུན་ཕན་ལས་གཞི་ལྟ་བུ་ལ་རྒྱབ་སྐྱོར་བྱེད་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་ལ་ཁོང་གིས། ཀུན་ཕན་ལས་ཁང་ལྟ་བུ་ལ་མཚོན་ན། དྷ་ས་ས་གནས་ལས་ཁུངས་དང་། སྡེ་ཚན་ཁག་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་མྱོས་རྫས་དང་གོམས་འདྲིས་ཡོད་པའི་རིགས་ལ་ཁ་ཕན་ཚིག་ཕན་ཙམ་ལས་མི་ཐུབ་ཀྱང་རྒྱབ་སྐྱོར་དང་། དཔལ་འབྱོར་སོགས་ཀྱི་རྒྱབ་སྐྱོར་དང་ལྷག་ཏུ་སོ་སོའི་ཁྱིམ་ཚང་གཙོས་གྲོང་པ་ཁྱིམ་མཚེས་ཚང་མས་སོ་སོའི་བུ་ཕྲུག་ལ་ཆུང་དུས་ནས་གོམས་འདྲིས་ཡག་པོ་ཞིག་བཞག་སྟེ། མྱོས་རྫས་དང་ཆང་རག་སོགས་ལ་འབྲེལ་བ་མེད་པ་བྱ་དགོས་རྒྱུ་གལ་ཆེན་རེད་ལ། དེ་ཚོའི་རིགས་དེ་གཞི་རྩའི་གཙང་མ་བཟོ་རྒྱུ་དེ་ཁྱིམ་ཚང་དང་སྤྱི་ཚོགས་ནས་འགན་འཁུར་དགོས་པ་དང་། དེ་མིན་གློ་བུར་དུ་ལས་དོན་དེའི་རིགས་ལ་ལས་གཞི་སྤེལ་ནས་མཚམས་འཇོག་བྱེད་དགོས་བྱུང་ན་ལས་ཀ་ཧ་ཅང་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་སོང་།

ད་ལྟའི་ཆར་ཀུན་ཕན་ལས་ཁང་དུ་མྱོས་རྫས་ངན་གོམས་མཁན་གསར་དུ་འབྱོར་བ་བོད་རིགས་ ༤ དང་རྒྱ་གར་བ་༡ བཅས་མི་ ༥ ཡོད་པ་དང་། ཁོང་ཚོས་སྨན་བཅོས་དོད་དུ་ཧིན་སྒོར་སྟོང་ཕྲག་ ༤༢ སྤྲད་ཀྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༠༥

Leave a Reply

3 thoughts on “ཀུན་ཕན་ལས་ཁང་གི་དུས་དེབ་འདི་ཕྱི་གསལ་ནང་གསལ་ཡོང་ཆེད་ཡིན།

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེh

    ཀུན་ལ་ཕན་པའི་བྱ་བར་ཀུན་ཕན་ཟེར་།
    ཀུན་ལ་ཕན་པའི་བྱ་བ་སྒྲུབས་པ་ན་།
    ཀུན་ཕན་བྱ་བས་བསོད་ནམས་བསགས་།
    ཀུན་ཕན་ལས་གཞི་གོང་དུ་འཕེལ་བ་ཤོག་།

  2. ༈༧གོང་ས་མཆོག་དགུང་ལོ་༡༠༣་ལོན་པའི་དེ་རིང་གི་ཉིན་མོ་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ལྟ་བ་ཕྱིན་ཅི་ལོག་པ་དང་། མསམ་ཚུལ་ཕྱིན་ཅི་ལོག་པ་ཞིག་རྩ་བ་ཉིད་ནས་མིན་པར། བོད་མི་མང་དང་དྲིན་ཆེན་རྩ་བའི་བླ་མ་སྐྱིད་སྡུག་མཉམ་མྱོང་བྱེད་ལ་དྲིན་ལན་ལོག་འཇལ་དང་ཆག་སྒོ་བསླང་གང་ཐུབ་བྱེད་མཁན། ཁ་དཀར་ལ་སེམས་པ་ནག་པའི་ཕྱི་གླིང་པའི་ཆབ་སྲིད་པ་དང་ཕྱི་རོལ་མི་རྟག་པ་དང་ཁ་ཆེའི་མི་རིགས་ལ་བརྩེ་བ་དང་དུང་བ་ཟབ་པོའི་གྲོགས་བསྒྲིགས་བྱེད་མཁན་ལ་བསམ་གཞིགས་ནང་རོགས་ཞུ། ཐམས་ཅད་ཀྱིས་སེམས་ལ་གསལ་ལྷང་ངེ་ཡོད་པ་ནི་ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་གཅིག་གིས་གཅིག་མཐོང་སྐབས་ཞེ་མེར་ལང་ཡོང་བ་ཞིག་གཟོས་ཡོད་པ་དང་། མི་རིགས་དང་རྒྱལ་ཁབ་གང་གི་ཁོངས་སུ་མི་གཏོགས་པའི་ཁ་འཐོར་ཡ་བྲལ་དུ་གྱུར་ནས་དཀའ་ངལ་དང་གཉའ་གནོན་མྱོང་བཞིན་པའི་སྤྲང་པོ་ཁྱུ་གཅིག་བཟོས་ཡོད་པ་དེ་ཨ་སྒོར་ས་ཡ་བཅུ་བདུན་དང་དངོས་སུ་འབྲེལ་བ་ཡོད་པས་གསལ་པོར་ཤེས་དགོས། དེ་ནི་ལས་ཀ་མ་བྱས་པའི་སྒོར་མོ་ཞིག་གནམ་འོག་འདིར་ཡོང་མི་སྲིད་ཟེར་བའི་ཁ་དཔེ་ཡོད་པའི་དེ་ལ་རྒྱལ་འཚོང་པ་སྐུ་ངོ་རྐུན་མ་ནག་ཉེས་ཅན་ཚོ་ངོས་འཛིན་གནང་རོགས་ཞུ།

  3. རྗེས་སུ་ཡི་རང་ཡོད།
    བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་ས་གནས་སྡེ་དོན་འགན་འཛིན་ཟླ་བ་རིན་ཆེན་གཉིས་ལ་ཐུགས་རྗེ་ཆེ་ཞུ།
    དམིགས་བསལ་སྐུ་ངོ་ཟླ་བ་ཚེ་རིང་ལགས་ཀྱིས་ལོ་མང་སྔོན་ནས་གཞན་ཕན་དང་ལྷག་བསམ་ཆེན་པོས་སྤྱི་ཚོགས་ཞབས་ཞུ་དང་གཞུང་དམངས་གཉིས་ཀའི་ལས་དོན་སྣ་མང་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད་པར་གུས་བརྩི་ཞུ་གི་ཡོད།
    བཙན་བྱོལ་སྤྱི་ཚོགས་ནང་ཁོང་ནང་བཞིན་སེམས་ཤུགས་ཅན་ཧ་ཅང་ཉུང་ཉུང་རེད་བསམ་ཡོད།