༧གོང་ས་མཆོག་ནས་ལ་དྭགས་སུ་མཛད་འཕྲིན་སྐྱོང་བཞིན་འདུག

༧གོང་ས་མཆོག་གིས་ཕྱི་དངོས་པོའི་ཡར་རྒྱས་ཐོག་ནང་སེམས་ལ་ཞི་བདེའང་ཡོད་པ་རྒྱ་གར་མ་གཏོགས་ལུང་པ་གཞན་སུས་ཀྱང་བྱེད་ཐབས་མེད་ཅེས་གསུངས།

ཟླ་འདིའི་ཕྱི་ཚེས་ ༣ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལྡི་ལི་བརྒྱུད་རྒྱ་གར་བྱང་ཕྱོགས་ལ་དྭགས་རྒྱལ་ས་སླེའི་བྷ་ཀུ་ལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས། མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམ་པ་དང་། ལ་དྭགས་ནང་པའི་ཚོགས་པ་(Ladakh Buddhist Association)།  ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་(Ladakh Autonomous Hill Development Council)།  དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་དང་། སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག  ཁྲིག་རྩེ་རིན་པོ་ཆེ་མཆོག་སོགས་ཀྱིས་དབུས་བླ་སྤྲུལ་དགེ་བཤེས་རྣམ་པ་དང་།  ལ་དྭགས་ཨ་མ་ཚོགས་པ། དགོན་པའི་ཚོགས་པ་(All Ladakh Gonpa Association)།  ས་གནས་རྫོང་དཔོན་དང་ཉེན་རྟོག་མགོ་དཔོན།   ལ་དྭགས་ཁ་ཆེ་ཚོགས་པ།  ལ་སྤྱི་གཙོས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་འཐུས་མི་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཏེ་ལྕོག་ལམ་གསར་ཞི་བའི་འཚལ་༸རྒྱལ་བའི་ཕོ་བྲང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་དད་ལྡན་སེར་སྐྱ་ཕོ་མོ་རྒན་གཞོན་སྟོང་ཕྲག་མང་པོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་ལ་དྭགས་སུ་འབྱོར་ཐུབ་པར་ཧ་ཅང་ཡག་པོ་བྱུང་། ལ་དྭགས་མི་མང་དད་པ་དམ་ཚིག་གཡོ་བ་མེད་པ་རེད། ཧ་ཅང་ཡག་པོ་ཡིན། ངོས་རང་ལ་དྭགས་སུ་ཐེངས་མང་པོ་བསླེབས་པ་རེད། སྔ་མོ་མགོ་སྟོད་ཡོང་སྐབས་ཕལ་ཆེར་ལུང་པ་ཡར་རྒྱས་དེ་ཙམ་མེད། དགོན་པ་ཚོའང་དེ་ཙམ་སྤུས་དག་པོ་མེད།

བར་སྐབས་ལ་དྭགས་ཡར་རྒྱས་ཧ་ཅང་ཤུགས་ཆེན་པོ་ཕྱིན་འདུག དགོན་པ་ཚོའང་སྤུས་ཀ་དག་ཏུ་དང་སློབ་གཉེར་ཡག་ཏུ་ཕྱིན། མི་མང་གི་འཚོ་བ་ཡིན་ནའང་རེད། གང་ཅིའི་ཐོག་ལ་འཛུགས་སྐྲུན་ཡར་རྒྱས་ཕྱིན་ནས་ཧ་ཅང་ཡག་པོ་རེད་འདུག དེ་དང་ཆབས་ཅིག་སྤྱི་ཡོངས་ཀྱི་ཡུལ་པ་ཚོའང་སོ་སོའི་ཆོས་དང་རིག་གཞུང་གི་བག་ཆགས་མ་ཡལ་བ་བྱས་ནས་ཡོད་པ་འདི་ཧ་ཅང་ཡག་པོ་བྱུང་འདུག སླར་ཡང་འདིར་བསླེབས་པ་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཚང་མར་བཀྲ་ཤིས་བདེ་ལེགས། ཁྱེད་ཚོ་ལ་དྭགས་པ་ཚོས་དུས་རྒྱུན་ཕྱག་འཚལ། ཞེས་ཟེར་སྲོལ་ཡོད་པ་ལྟར་ངོས་ཀྱིས་ཕྱག་འཚལ་ཟེར་རྒྱུ་ཡིན། དེང་སྐབས་དྷ་སར་ཆར་ཞོད་མགོ་འཛུགས་རྒྱུ་ཡིན་ནའང་། ལ་དྭགས་ཁུལ་དུ་ས་སྐམ་པོ་ཡིན་སྟབས། གྲུམ་བུའི་ནད་རིགས་ལ་ས་སྐམ་པོའི་ཕྲན་བུ་ཁྱད་པར་ཡོད་པ་ལྟ་བུ་འདུག དེར་བརྟེན་འདིར་འཁྱུག་ཙམ་སྡོད་དགོས་དྲན་བྱུང་།

འཁྲུངས་སྐར་འདིར་སྲུང་བརྩི་ཞུ་རྒྱུ་རེད། སྐབས་དེར་ང་ཚོ་སླར་ཡང་ཐུག་གི་རེད། ཁ་སང་ལྡི་ལིར་ཧི་མ་ལ་ཡ་རི་ཁུལ་ནུབ་ལ་དྭགས་ནས་ཤར་མོན་བར་གྱི་དགོན་ཁག་ཡོད་པ་དེ་དག་ཤེས་ཡོན་གྱི་བསྟི་གནས་ཁང་བཟོ་རྒྱུའི་ཚོགས་པ་ཞིག་བཙུགས་འདུག བསྔགས་བརྗོད་ཤུགས་ཆེན་བྱས་པ་ཡིན། གཞན་དགོན་པ་ཁག་བརྗོད་སྐབས་སློབ་གཉེར་དེ་ཙམ་མེད་པར་ཆོ་ག་ཕྱག་ལན་ལྟ་བུ་ཞིག་བཏོན་ནས་འགྲོ་རྒྱུ་ལྟ་བུ་ཞིག་འདུག་པ་དེས་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཡོང་རྒྱུ་མེད། ཁ་སང་ལྡི་ལིར་པཱ་ལིའི་ཡུལ་གྲུ་ཁག་གི་དགེ་སློང་ཚོ་དང་དགེ་སློང་དབུ་འཁྲིད་གང་འཚམ་ཕེབས་འདུག སྐབས་དེར་ངོས་རང་མཛད་སྒོའི་རྣམ་པ་འདྲ་ཆགས་པོ་དེ་འདྲ་བྱ་རྒྱུར་དགའ་པོ་གང་ཡང་མེད། ངོས་ལ་དྲི་བ་གཅིག་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དེ་ལོ་ངོ་ ༢༦༠༠ ལྷག་ཕྱིན་པ་རེད། ད་ལྟ་དུས་རབས་ ༢༡ ནང་བསླེབས་ཡོད། དུས་རབས་ ༢༡ ནང་འདི་དགོས་མཁོ་ཡོད་དང་མེད། ཅེས་དྲི་བ་དང་པོ་འདི་ཡིན། ཞེས་ངོས་ཀྱིས་སྐབས་དེར་བརྗོད་པ་ཡིན། ངོས་ཀྱིས་དངོས་གནས་འདི་འདྲ་དྲན་གྱི་འདུག གལ་ཏེ་དུས་ཚོད་ཡོལ་ཟིན་པ་ཞིག་ཡིན་ན་དེ་ཙམ་ཇབ་མི་འདུག འཛམ་གླིང་གི་རིས་སུ་མ་ཕྱེ་བའི་ཆོས་བརྒྱུད་ཧིན་དྷི་དང་ཇིའུ། ཡེ་ཤུ། ཁ་ཆེ་སོགས་ཆོས་བརྒྱུད་གཙོ་ཆེ་བ་དེ་དག་བྱམས་པ་དང་སྙིང་རྗེ། ཞེས་ཚང་མས་བཤད་ཀྱི་ཡོད། དེ་འདྲ་ཡིན་སྟབས་དུས་ད་ལྟ་ཡིན་ནའང་དགོས་མཁོ་འདུག ལྷག་པར་སངས་རྒྱས་པའི་ཆོས་ལ་མཚོན་ན་ལྟ་གྲུབ་ཐོག་ནས་དེང་སྐབས་ཚན་རིག་དང་ལྷན་དུ་ཕན་ཚུན་འབྲེལ་བ་བྱས་ནས་ཕྱོགས་གཉིས་ཀས་གོ་རྟོགས་སྤེལ་རེས་བྱེད་བཞིན་ཡོད། དུས་རབས་ ༢༡ ནང་ དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན་ཡོད་ཀྱང་སེམས་ཀྱི་ཡར་རྒྱས་ཕྱིན་མེད། དེར་བརྟེན་ཆོས་བརྒྱུད་ཁག་དེ་དག་དུས་ད་ལྟ་ཡིན་ནའང་དགོས་མཁོ་འདུག ཅེས་ངོས་ཀྱིས་དེ་འདྲ་བརྗོད་པ་ཡིན།

སྤྱིར་ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། དེའི་ནང་ནས་སངས་རྒྱས་པའི་ཆོས་འདི་ཡག་ཤོས་རེད། ཅེས་ངོས་ཀྱིས་ནམ་ཡང་བརྗོད་ཀྱི་མེད། བཅོམ་ལྡན་འདས་རང་ལ་མཚོན་ནའང་ཉན་ཐོས་ཀྱི་ཐེག་པ། རང་སངས་རྒྱས་ཀྱི་ཐེག་པ། ཐེག་ཆེན་ཐེག་པ་ཟེར་ནའང་མི་འདུག་བྱང་ཆུབ་སེམས་པའི་ཐེག་པ་གསུང་བཞིན་ཡོད། འདུལ་བྱའི་ཁམས་དང་མོས་པ་མི་འདྲ་བ་ཡོད་པར་བརྟེན་མི་འདྲ་བ་གསུང་བཞིན་ཡོད། ལྟ་གྲུབ་ཐོག་ནས་ཡིན་ནའང་ཤེར་ཕྱིན་གྱི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཅིག་གསུང་བཞིན་ཡོད། གཞན་ཡང་དགོས་པའི་དབང་གིས་འཁོར་ལོ་མཐའ་མའི་ནང་དུ་མདོ་སྡེ་དགོངས་འབྲེལ་ལྟ་བུ་ཤེར་ཕྱིན་གྱི་དགོངས་པ་དྲང་དོན་དུ་བཀྲལ་བ་ལྟ་བུ་བཅོམ་ལྡན་འདས་རང་ཉིད་ཀྱིས་བཀའ་གནང་བ་ཞིག་རེད།

གདུལ་བྱ་མི་འདྲ་བ་ཡོད་པར་བརྟེན་གདུལ་བྱ་མི་འདྲ་བའི་ཁམས་དང་མོས་པ་མི་འདྲ་བར་ཞེ་ས་མ་ཞུས་ན་བརྩི་བཀུར་གནང་བ་ལྟ་བུ་ཞིག་རེད། ཁྱེད་ཚོས་མོས་ནའང་རེད། མ་མོས་ནའང་རེད། ལྟ་བ་མཐར་ཐུག་འདི་ཡིན། ཞེས་ཐག་བཅད་ནས་གསུང་གི་མེད། ཁམས་དང་མོས་པ་སྣ་ཚོགས་ཡིན་སྟབས་ལྟ་གྲུབ་མི་འདྲ་བ་དེ་དག་དགོས་མཁོ་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད། བདག་ཏུ་ལྟ་བ་འདོད་མཁན་དང་མི་འདོད་མཁན་གྱི་ཆོས་བརྒྱུད། དེ་དག་ལྟ་གྲུབ་མི་འདྲ་ཡང་དགོས་མཁོ་ཡོད།

དེ་སྔ་ཞིང་བྲན་ལམ་ལུགས་སྐབས་ཀྱི་འགྲོ་སྟངས་ཕྲན་བུ་དེང་སྐབས་དཀྱིལ་ཤར་ཡུལ་གྲུའི་ནང་དུ་ཆོས་དང་འདྲེས་ནས་འགྲོ་བཞིན་པར་བརྟེན་འཚེ་བའི་ལས་འགུལ་ཧ་ཅང་ཡོང་བཞིན་ཡོད།  དེང་སྐབས་བོད་བརྒྱུད་ནང་བསྟན་ལ་མཚོན་ནའང་དེ་སྔའི་ཞིང་བྲན་ལམ་ལུགས་(Feudalism) ཀྱི་ལམ་སྲོལ་དང་འདྲེས་ནས་ཕྲན་བུ་འགྲོ་བཞིན་ཡོད་པའི་རྣམ་པ་ཞིག་འདུག ད་ཆ་མང་གཙོའི་རིང་ལུགས་ཐོག་འགྲོ་བཞིན་ཡོད་པར་བརྟེན། དེ་དང་མཐུན་པ་བྱས་ནས་འགྲོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  དེ་བཞིན་ནང་པ་སངས་རྒྱས་པའི་ཆོས་ནི་ཚད་མ་རིག་པ་དང་སེམས་ཁམས་རིག་པའི་རྣམ་གཞག་སྐོར་ཧ་ཅང་གཏིང་ཟབ་མོ་ཡོད། ཅེས་བཀའ་སློབ་སྩལ།

ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ བ་ཙམ་ལ་རྒྱལ་ས་སླེ་རུ་གཞི་རྟེན་བྱས་པའི་ཇོ་ཁང་གི་སྐུ་རྟེན་གཙོ་བོ་ཇོ་བོ་ཤཱཀྱ་མུ་ནིར་གནས་གཟིགས་དང་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་འདོན་གནང་མཛད་རྗེས་སེར་སྐྱ་མི་མང་རྣམས་ལ་བཀའ་སློབ་སྩལ་དོན། རྒྱ་གར་ནང་མཚོན་ནའང་རིག་ཅན་གྱི་སྟོན་པ་ལ་སོགས་པའི་མུ་སྟེགས་པའི་སྟོན་པ་དེ་འདྲ་མང་པོ་བྱུང་ཡོད། དེ་བཞིན་དཀྱིལ་ཤར་ཡུལ་གྲུའི་མངའ་ཁུལ་ནང་མཚོན་ནའང་ཡེ་ཤུ་མ་ཤི་ཁ་(Jesus Christ)དང་ཕི་རོ་ཧྥི་ཊི་མོ་ཧམ་མ་ཌི་(Prophet Muhammad)སོགས་ཀྱིས་མཚོན་འཛམ་གླིང་འདིའི་སྟེང་བྱམས་བརྩེའི་བསླབ་བྱ་སྐྱོན་མཁན་གྱི་སྟོན་པ་མང་པོ་བྱུང་ཡོད།

སངས་རྒྱས་བཅོམ་ལྡན་འདས་ལ་མི་འདྲ་བའི་ཁྱད་ཆོས་གང་ཡོད་བརྗོད་ན། ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། ཞེས་ང་ཚོའི་སྡུག་བསྔལ་གྱི་རྩ་བ་དེ་མི་ཤེས་པའི་རྨོངས་པ་དེ་རེད། མི་ཤེས་པ་ཙམ་གྱི་རྨོངས་པ་ཞིག་ཡོད་ཀྱང་གཙོ་བོ་ཕྱིན་ཅི་ལོག་གམ་ལོག་ཤེས་ཀྱི་རྨོངས་པ་དེས་སྡུག་བསྔལ་གྱི་རྩ་བ་བྱེད་བཞིན་ཡོད། དེར་ཤེས་རབ་ཉོན་མོངས་ཅན་ཞེས་ཟེར། དེ་ལྟ་བུའི་ལྟ་བ་ཐམས་ཅད་སྤོང་ཕྱིར་བླང་དོར་གྱི་གནས་སྟོན་པ་ཞེས་བརྗོད། ཅེས་རྩ་བ་ཤེས་རབ་ཀྱི་ཆོས་བརྗོད་དེར་འགྲེལ་བ་སྐྱོན་གནང་མཛད་དེ་མུ་མཐུད་བཀའ་སློབ་སྩལ་དོན། རྒྱ་གར་གནའ་རབས་སྲོལ་རྒྱུན་ལྟར་ན། འཛམ་གླིང་ཆོས་ལུགས་ཚང་མར་གུས་ཞབས་ཞུ་རྒྱུའི་ལམ་སྲོལ་དེའི་འོག་ནས་ལོ་སྟོང་ཕྲག་གསུམ་བཞི་ལྷག་རིང་རྒྱ་གར་ནང་ཆོས་ལུགས་མཐུན་སྒྲིལ་ཧ་ལས་པ་ཡོད་པ་མ་ཟད། དུས་ད་ལྟའང་ཧ་ལས་པ་འདུག དེར་བརྟེན་ངོས་ཀྱིས་འཛམ་གླིང་སྟེང་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་འཁྲུག་པ་རྒྱག་པ་དང་། ཕན་ཚུན་གསོད་རེས་བཏང་ཟེར་བ་དེ་ནི་ཧ་ཅང་ཐབས་སྐྱོ་བོ་ཞིག་མཐོང་གི་འདུག

རྒྱུ་མཚན་དེ་ལ་བརྟེན་ནས་ངོས་ཀྱིས་ཆོས་ལུགས་ཕན་ཚུན་ལྟ་གྲུབ་མི་འདྲ་ཡང་བྱམས་བརྩེ་དང་ཆོག་ཤེས། བཟོད་པའི་ཉམས་ལེན་དེ་དག་ཆོས་ལུགས་ཚང་མས་གསུང་བཞིན་ཡོད་པ་དང་། ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ལྟ་གྲུབ་ཐོག་ནས་བརྗོད་དགོས་བྱུང་ན་སངས་རྒྱས་པའི་ལྟ་གྲུབ་འདི་གཞན་དང་མི་འདྲ་བ་རེད་འདུག རྟེན་འབྱུང་གི་གཏམ་ཞེས་པ་འདིས་དངོས་ཡོད་གནས་ཚུལ་འགྲེལ་བཤད་རྒྱག་ཐུབ་ཀྱི་འདུག དེང་སྐབས་ཚན་རིག་པ་ཚོས་ཀྱང་རྟེན་འབྱུང་ཞེས་པ་དེར་ཧ་ཅང་དགའ་མོས་བྱེད་བཞིན་འདུག ཅེས་གསུངས།

དེའི་རྗེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བླ་སློབ་བརྟེན་ཚུལ་དང་ཆོས་འབྲེལ་གྱི་སྐོར་ལ་བཀའ་སློབ་སྩལ་དོན། མགོན་པོ་ཀླུ་སྒྲུབ་ཀྱི་རིག་ཚོགས་དྲུག་གི་བཤད་ལུང་སྔ་མོ་ངོས་ལ་དགེ་བཤེས་རིག་འཛིན་བསྟན་པའི་སྐུ་མདུན་ནས་ཐོབ་པ་འདྲ། ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ལ་སོགས་པའི་བསྟོད་ཚོགས་ཀྱི་རིགས་མང་པོ་ཞིག་ངོས་ཀྱིས་རི་རྫོང་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་ཡིན། རིན་པོ་ཆེ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། བཤད་ལུང་གི་རིགས་དཀོན་པ་དེ་འདྲ་མང་པོ་ཞིག་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་མཁས་པ་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་དང་། ཁུ་ནུ་དགེ་བཤེས་རིག་འཛིན་བསྟན་པ། རི་རྫོང་རིན་པོ་ཆེ་བཅས་གང་ལྟར་ཧི་མ་ལ་ཡའི་རི་རྒྱུད་ནས་ངོས་ལ་ཆོས་འབྲེལ་དངོས་སུ་ཐོབ་པའི་བླ་མ་བཀའ་དྲིན་ཅན་གསུམ་བྱུང་བ་རེད།

ངོས་རང་ཆུང་དུས་ལྷ་སར་ཡོད་སྐབས་ལ་དྭགས་པ་རེད་བརྗོད་ཀྱི་འདུག གོས་དཀར་པོ་གྱོན་པ་དང་ལྷམ་རྩེ་ཡར་གྱེན་ལ་ལངས་པ་ཧ་ཅང་སྐྱོ་མདོག་ཁ་པོ་ཞིག་མཐོང་གི་ཡོད། ཕྱོགས་མཚུངས་ཁུ་ནུ་བའང་དེ་མཚུངས་ཧ་ཅང་སྐྱོ་མདོག་ཁ་པོ་མཐོང་གི་ཡོད། འོན་ཀྱང་བོད་དུ་ཡོད་སྐབས་མཐོང་ཆུང་བྱེད་སའི་ཡུལ་ལུང་དེ་ནས་ངོས་ཀྱིས་ཆོས་འབྲེལ་ཞུ་སའི་བླ་མ་རྩ་ཆེན་པོ་གསུམ་བྱུང་བ་རེད། ངོས་ཀྱིས་འདི་ལྟར་ཞུ་དགོས་པ་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུན་མོང་མིན་པའི་གཟབ་རྒྱས་སྟོན་རྒྱུ་དེ་ལྟ་གྲུབ་ཐོག་ནས་སྟོན་དགོས། ལྷ་ཁང་རྫིག་པོ་ཡེ་ཤུ་དང་ཁ་ཆེ། མུ་སྟེགས་པ་སོགས་ཀྱི་ལྷ་ཁང་རྫིག་ཐག་ཆོད་དེ་འདྲ་ཡོད། ཕྱོགས་མཚུངས་སྐུ་བརྙན་རྫིག་པོ་གང་སར་མང་ཐག་ཆོད་ཡོད། ཐུན་མོང་མིན་པ་འདི་བཀའ་འགྱུར་བསྟན་འགྱུར་དེ་འདྲའི་གླེག་བམ་མང་པོ་ཆོས་ལུགས་གཞན་ལ་མེད། དེ་ནི་སྤྱིར་སངས་རྒྱས་པའི་ཆོས། ཡང་སྒོས་དཔལ་ནཱ་ལེནྡྲའི་ཆོས་ལུགས་རྐྱང་རྐྱང་རེད་འདུག

ཡང་༧ཁོང་གིས་རྒྱ་གར་ནང་གནའ་བོའི་ཤེས་རིགས་བསྐྱར་གསོ་བྱེད་ཀྱི་ཡོད་སྐོར་ལ། དེར་བརྟེན་ངོས་ཀྱིས་དེང་སྐབས་རྒྱ་གར་ནང་དུ་ཕ་མེས་ཀྱི་ཤེས་ཡོན་དེ་དག་བསྐྱར་གསོ་བྱེད་དགོས་འདུག ཅེས་ངོས་ནས་འབད་བརྩོན་བྱེད་བཞིན་ཡོད། དེ་སྔ་སྐབས་ཤིག་དྷ་སར་རྒྱ་གར་གཞུང་གི་མཐོ་སློབ་ཞིག་གི་སློབ་སྤྱི་ངོས་རང་ཐུག་སྐབས་ངོས་ཀྱིས་རེ་འདུན་བཏོན་ཏེ་ང་ཚོས་འཆར་གཞི་ཞིག་བཟོ་བཞིན་ཡོད། ངོས་ནས་རྒྱ་གར་ནང་དུ་ཕ་མེས་ཀྱི་རིག་གཞུང་འདི་བསྐྱར་གསོ་བྱ་རྒྱུ་ཆོས་དང་མ་འབྲེལ་བ་ཞིག་རེད། ཆོས་ཟེར་ན་ནང་པ་དང་འབྲེལ་བ་ཡོད་སྟབས་ནང་པའི་སྐད་ཆ་མེད་པར་ཚད་མ་རིག་པ་དང་སེམས་ཁམས་རིག་པ་དེ་ཚོའི་གྲས་ཤེས་ཡོན་རང་གི་ངོ་བོའི་ཐོག་ནས་ང་ཚོས་བསྐྱར་གསོ་བྱེད་དགོས་པ་འདུག ཅེས་བརྗོད་སྐབས་དྷ་སའི་མཐོ་སློབ་དེས་ཁུར་ཧ་ཅང་ལེན་བཞིན་འདུག ཉེ་ལམ་ལྡི་ལི་མངའ་སྡེའི་གཞུང་རང་གིས་ཁུར་བླངས་ནས་དགེ་རྒན་སྟོང་ཕྲག་ལྔ་ཙམ་འཛོམས་ཐོག་ངོས་ཀྱིས་དེའི་སྐོར་སྐད་ཆ་བཤད་པ་ཡིན། དེང་དུས་ཤེས་ཡོན་རྒྱ་གར་ནང་ཧ་ཅང་ཡག་པོ་ཡོད། དཔེར་ན་ཚན་རིག་དང་འཕྲུལ་རིག་སློབ་སྦྱོང་གི་གནས་ཚད་རྒྱ་གར་ནང་ཡག་ཐག་ཆོད་ཡོད། དེའི་ཐོག་སེམས་ཁམས་རིག་པ་དང་ཚད་མ་རིག་པ་དེ་དག་སྣོན་ཐུབ་ན་ཕྱི་དངོས་པོའི་ཡར་རྒྱས་ཡོད་ཁར་ནང་སེམས་ཀྱི་ཞི་བདེའང་ཡོད་པ་དེ་འདྲ་ཞིག་རྒྱ་གར་ཁོ་ན་ལས་གཞན་ལུང་པ་སུས་ཀྱང་བྱེད་ཐུབ་ཐབས་མེད། རྒྱ་གར་བ་ཚོར་ངོས་ཀྱིས་འབོད་སྐུལ་བྱེད་བཞིན་ཡོད། དེ་འདྲ་ཡིན་དུས་དགེ་རྒན་དགོས་མཁོ་ཆགས་ཡོད། ཁ་སང་ངོས་ཀྱིས་སེར་འབྲས་ཀྱི་མཁན་པོ་གཅིག་གཉིས་ཕེབས་ཤོག་ཅེས་ལབ་པ་ཡིན། སེར་འབྲས་ཚོས་ད་བར་ལོ་ངོ་སྟོང་ཕྲག་རིང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་ནས་ཉར་ཚགས་བྱེད་བཞིན་པ་འདི་ད་ཆ་རྒྱ་གར་ནང་དུ་སྤེལ་ཐུབ་རྒྱུའི་གོ་སྐབས་ཤིག་སླེབ་བཞིན་འདུག ང་ཚོས་སློབ་སྦྱོང་བྱས་པ་དེ་དག་རྒྱ་གར་ནང་གི་སློབ་གྲྭ་ཆེ་ཁག་དེ་འདྲའི་ནང་དུ་འགྲེལ་བཤད་རྒྱག་ཐུབ་པ་ཞིག་དགོས་འདུག་ཅེས་བརྗོད་པ་ཡིན། དམིགས་ས་དེ་གྲྭ་སའི་སློབ་གཉེར་བ་ཆགས་ཡོད། གཞན་དགེ་རྒན་དམིགས་ས་མེད། གཞན་སུས་ཀྱང་བཤད་ཐུབ་རྒྱུ་མ་རེད། ཅེས་ངོས་ཀྱིས་དེ་ལྟར་བརྗོད་རྒྱུ་བྱུང་།

དེ་དང་ཆབས་གཅིག་ཧི་མ་ལ་ཡ་རི་རྒྱུད་ལ་ཡོད་པའི་ཁྱེད་ཚོ་ལ་དྭགས་པར་མཚོན་ན། ཧིན་སྐད་དང་ཨིན་སྐད་སོགས་ཤེས་ཀྱི་ཡོད། དེར་བརྟེན་ལ་དྭགས་ནང་ནས་རྒྱ་གར་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་བྱ་རྒྱུའི་ཐད་ཏོག་ཙམ་ཤུགས་རྒྱག་ཐུབ་པ་ཞིག་བྱོས། རྒྱ་ནག་ལོ་རྒྱུས་ཐོག་ནས་ནང་པའི་ལུང་པ་རེད། ནང་ཆོས་བརྗོད་སྐབས་རང་བཞིན་གྱི་སེམས་ཐག་ཉེ་པོ་ཡོད། ནང་པ་ས་ཡ་བཞི་བརྒྱ་ཡོད་སྐོར་བཤད་ཀྱི་འདུག  རིམ་བཞིན་རྒྱ་ནག་ནང་དུ་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་གིས་ཕན་ཐོགས་བྱེད་ཐུབ་རྒྱུ་རེད་བསམ་པ་དྲན་བཞིན་འདུག

རྒྱ་གར་ནང་གནའ་རབས་རིག་གཞུང་བསྐྱར་གསོ་ཐུབ་པ་ཡིན་ན་དེའི་ཤུགས་རྐྱེན་རྒྱ་ནག་ནང་ཐེབས་རྒྱུ་རེད། རྒྱ་དཀར་ནག་གཉིས་ཀྱི་མི་འབོར་བསྡོམ་ཚེ་མི་འབོར་དུང་ཕྱུར་བདུན་ཅུ་ཙམ་ཡོད་ཁོངས་ནས་དུང་ཕྱུར་ཉི་ཤུ་རྩ་གྲངས་ཤིག་ཆགས་ཡོད། ཏན་ཏན་འཛམ་གླིང་འདིའི་སྒང་ཤུགས་རྐྱེན་ཐེབས་ཐུབ་རྒྱུ་འདུག ནུབ་ཕྱོགས་རྒྱལ་ཁབ་ལ་སོ་སོའི་ཕ་མེས་ཀྱི་ཆོས་བརྒྱུད་ཡོད། ང་ཚོས་བརྩི་བཀུར་ཞུ་རྒྱུ་མ་གཏོགས་རྒྱ་གར་རིག་གཞུང་ཨུ་ཚུགས་བརྒྱབ་ན་ཡག་པོ་མེད། སྒེར་གྱིས་དོ་སྣང་བྱེད་མཁན་ཡོང་རྒྱུ་རེད། ཆེད་མངགས་རྩོལ་བ་བྱེད་ན་ཡག་པོ་མཐོང་གི་མི་འདུག

ཧི་མ་ལ་ཡི་མི་རིགས་ཡིན་པའི་དགེ་བཤེས་ཁྱེད་ཚོ་རྒྱ་གར་མི་སེར་ཡིན་སྟབས་བྱེད་བདེ་པོ་ཡོད། ང་ཚོ་བཙན་བྱོལ་བ་ཡིན་སྟབས་ཆབ་སྲིད་ཐོག་ནས་ཕྲན་བུ་དཀའ་ངལ་འཕྲད་རྒྱུ་རེད། ངོས་རང་ད་ཆ་ལོ་ན་ ༨༣ ཡིན། ཕལ་ཆེར་ལོ་ངོ་ཉི་ཤུ་རྩ་གྲངས་འཚོ་ཐུབ་རྒྱུ་རེད། དེའི་རིང་ལོ་ངོ་བཅུ་བཅོ་ལྔ་ཙམ་རིང་ངོས་ཀྱི་སྐད་བརྒྱབ་ནས་འབད་བརྩོན་ཏོག་ཙམ་བྱེད་ཐུབ་རྒྱུ་རེད། ངོས་རང་མི་གཅིག་གིས་ནུས་པ་འཐོན་རྒྱུ་གང་ཡང་མེད། ཁྱེད་ཚོ་ངོས་ཀྱི་དགེ་ཕྲུག་ཡིན་ཁུལ་རེད། ཅེས་མུ་མཐུད་བཀའ་སློབ་སྩལ་དོན།

དེང་སྐབས་འཛམ་གླིང་ནང་བསམ་བློ་གཏོང་སྟངས་ཐོག་ནས་དཀའ་ངལ་འཕྲད་བཞིན་ཡོད། ལུས་པོར་འཕྲོད་བསྟེན་དགོས་པ་ལྟར་བསམ་བློའི་འཕྲོད་བསྟེན་ཡང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་སྔ་དྷ་སའི་གཞུང་གི་མཐོ་སློབ་ཀྱི་སློབ་སྤྱི་དང་ལྷན་སེམས་ཁམས་རིག་པ་སློབ་སྐབས་བློ་རིགས་སློབ་དགོས་པ་དང་། ཚད་མ་རིག་པ་སློབ་དུས་རྟགས་རིགས་སློབ་དགོས་སྟབས་སྔོན་ལ་དགེ་རྒན་ལྔ་བཅུ་ཙམ་ལ་ཟབ་སྦྱོང་ཞིག་སྤྲོད་དགོས་པའི་སྐོར་སྐད་ཆ་བྱུང་། ཉེ་ལམ་ལྡི་ལིར་མངའ་སྡེའི་གཞུང་གིས་གོ་སྒྲིག་གནང་བའི་ལྷན་ཚོགས་སྐབས་བདེ་སྐྱིད་ཇི་ལྟར་བསྐྲུན་དགོས་པའི་སྐོར་སྐད་ཆ་བྱུང་། དངུལ་དང་དབང་ཡོད་པ་ཙམ་གྱིས་བདེ་སྐྱིད་ཡོང་མི་ཐུབ། ནད་ལྟར་སྔོན་ལ་ན་ཚ་ངོ་ཤེས་ནས་སྨན་བསྟེན་དགོས། དེ་བཞིན་སེམས་ཀྱི་བདེ་སྐྱིད་ཞེས་པ་འདི་རྒྱུ་རྐྱེན་ལ་བརྟེན་ནས་ཡོང་བཞིན་ཡོད། དེར་བརྟེན་སྔོན་ལ་སེམས་དཀྲུག་མཁན་དེ་ངོ་ཤེས་པ་བྱེད་དགོས། དེར་གཉེན་པོ་བསྟེན་ན་སེམས་ནང་བདེ་སྐྱིད་ཡོང་ཐུབ། ཚེས་ ༨ དང་ ༩ ཉིན་བདེ་སྐྱིད་སྒྲུབ་སྟངས་སྐོར་སེམས་ཁམས་རིག་པའི་ཚོགས་འདུ་ཞིག་ཚུགས་རྒྱུ་རེད། ང་ཚོར་ཏན་ཏན་མདུན་ལམ་ཆེན་པོ་ཡོད་པ་ལྟ་བུ་ཞིག་འདུག ཉི་ཧོང་ལ་མཚོན་ན་དངོས་པོའི་ཡར་རྒྱས་ཧ་ཅང་ཚད་མཐོན་པོར་སོན་ཡོད། འོན་ཀྱང་རང་སྲོག་གཅོད་མཁན་གྲངས་ཚད་ཧ་ཅང་མཐོན་པོ་རེད།

ངོས་ཀྱི་གོ་ཐོས་ལ་ལ་དྭགས་ནང་དུའང་རང་ཤི་རྒྱག་མཁན་ཏོག་ཙམ་ཡོང་བཞིན་ཡོད་པ་གོ་བྱུང་། དེར་བརྟེན་སློབ་གྲྭའི་ནང་ཆོས་དང་འབྲེལ་ནས་བཤད་ན་ལ་དྭགས་སློབ་གྲྭའི་ནང་ཁ་ཆེ་ཡོད། ཡེ་ཤེ་ཡོད། ཆོས་དད་མེད་མཁན་ཡང་ཡོང་སྲིད་པ་རེད། དེར་བརྟེན་ཆོས་དང་འབྲེལ་ནས་བཤད་ན་ཡག་པོ་མེད། ང་ཚོས་ཆོས་ཁྱབ་སྤེལ་བྱེད་རྒྱུའི་འདུ་ཤེས་མིན་པར་ནང་པའི་གཞུང་ནས་སེམས་ཁམས་རིག་པ་དང་། གོང་དུ་བརྗོད་པ་ལྟར་(emotional hyigiene)བསམ་བློའི་འཕྲོད་བསྟེན།  ཚད་མ་རིག་པ་དེ་ཚོའི་གྲས་སློབ་གྲྭའི་ནང་ཏོག་ཙམ་བསླབ་ཐུབ་པ་ཞིག་བྱུང་ན། སེམས་མ་སྐྱིད་པ་ང་རྒྱལ་དང་འགྲན་སེམས་ཧ་ཅང་ཤུགས་ཆེན་པོ་བསླེབ་སྐབས་རང་ཤི་རྒྱག་མཁན་དེ་ཚོའི་གྲས་རྟགས་མཚན་གཅིག་གང་ཡིན་བརྗོད་ན་སེམས་ནང་རེ་དོགས་མང་པོ་སྐྱེས་ཡོང་སྐབས་གཉེན་པོ་བསྟེན་མ་ཤེས་པའི་རྐྱེན་གྱིས་རང་སྲོག་རང་གིས་གཅོད་བཞིན་ཡོད། ཅེས་གསུངས།

སྤྱིར་ལ་དྭགས་སླེ་ཇོ་ཁང་རབ་བྱུང་ ༡༦ ས་ཕོ་ཁྱི་ལོའི་ས་ག་ཟླ་བའི་ཚེས་ ༡༥ ཕྱི་ལོ་ ༡༩༥༨ ལོར་ལ་དྭགས་ནང་ཚོགས་ཀྱིས་ས་གཞི་འདིར་དད་ལྡན་རྣམས་ཀྱི་བསོད་ནམས་གསོག་པ་དང་། རིས་སུ་མ་ཆད་པའི་དགེ་འདུན་ཀུན་ཚོགས་ཆེད་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་བཞེངས་བར་ཆོས་སྲིད་གཉིས་ཀྱི་ལམ་སྟོན་སྐྱབས་རྗེ་རྒྱལ་སྲས་བ་ཀུ་ལ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་མཆོག་ནོར་དཔལ་བཟང་པོས་བཀྲ་ཤིས་པའི་རྟགས་རྟེན་འབྲེལ་དང་བཅས་རྨང་གཞི་བཞག་པར་མཛད་ཡོད་འདུག

དེ་ཡང་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཞི་བའི་འཚལ་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༣ བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙི་ཞུ་རྒྱུ་དང་།   སྐབས་དེར་སླེ་བྱང་སེར་སྐྱ་མང་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་རྒྱུ་རིན་ཆེན་གསེར་དངུལ་ལས་གྲུབ་པའི་ཆོས་ཀྱི་འཁོར་ལོ་ཞིག་གཟེངས་རྟགས་སུ་འབུལ་ལམ་ཞུ་རྒྱུ་ཡིན་འདུག་པ་དང་། ཕྱི་ཚེས་ ༡༠ ནས་ ༡༢ བར་ཞི་བའི་འཚལ་ཕོ་བྲང་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་འཕྲོ་སྐྱོང་མཛད་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་ཞི་བའི་འཚལ་ཕོ་བྲང་དུ་༸སྐུ་ངལ་གསོ་གནང་མཛད་རྒྱུ།  ཕྱི་ཚེས་ ༡༤ ཉིན་ནུབ་ར་བདེ་སྐྱིད་ཕོ་བྲང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་ཕྱི་ཚེས་ ༡༥ ཉིན་༸སྐུ་ངལ་གསོ་གནང་མཛད་རྗེས།  ཕྱི་ཚེས་ ༡༦ ཉིན་བདེ་སྐྱིད་དགོན་པར་བཀའ་ཆོས་སྩལ་གནང་མཛད་རྒྱུ། ཕྱི་ཚེས་ ༡༦ ཉིན་ནུབ་ར་བསམ་གཏན་གླིང་དགོན་པར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཕྱི་ཚེས་ ༡༨ ནས་ ༢༠ བར་དབྱར་ཆོས་ཆེན་པོར་༸ཞབས་སོར་བཀའ་དྲིན་ཆེ་གནང་མཛད་རྒྱུ་དང་། ཕྱི་ཚེས་ ༢༠ ཉིན་བསམ་གཏན་གླིང་དགོན་པར་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་བསྟུན། བདེ་སྐྱིད་དགོན་པའི་གཟིམ་ཆུང་ཕོ་བྲང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་པ་མ་ཟད། ཐེངས་འདིར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཀར་གྷིལ་(Kargil) དང་ཟངས་དཀར་ཁུལ་དུའང་འཁྱུག་ཙམ་རིང་ཆིབས་སྒྱུར་བསྐྱང་འཆར་ཡོད་པ་རེད་འདུག

གསར་འགོད་པ་སྐལ་བཟང་སྦྱིན་པས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བཏུས།

བསྐྱར་བཅོས།: ༢༠༡༨/༠༧/༠༦

Leave a Reply