ཞི་ཅིན་ཕིན་གྱི་དགོངས་དོན་ལྟར་གྲྭ་བཙུན་རྣམ་དག་བྱེད་པར་བརྩོན།

མ་འོངས་ལོ་གསུམ་ནང་རྒྱ་ནག་གཞུང་གིས་ལྷ་སའི་དགོན་སྡེ་ ༡༠༠ ལྷག་ནང་ཚད་གཞི་བཞི་ལ་བརྩི་བཀུར་དང་ལག་བསྟར་བྱས་ཏེ་གྲྭ་བཙུན་རྣམ་དག་བྱེད་པ་ཞེས་པའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག

ཁ་སང་ཕྱི་ཚེས་ ༥ ཉིན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་དགོན་སྡེ་ཁག་ལ་ཚད་གཞི་བཞི་ལ་བརྩི་བཀུར་ལག་བསྟར་བྱས་ནས་སྔོན་ཐོན་གྲྭ་བཙུན་རྣམ་དག་བྱེད་པའི་སློབ་གསོ་ལག་ལེན་ཞེས་པའི་དྲིལ་བསྒྲགས་ཚོགས་འདུ་ཞིག་སེ་ར་དགོན་དང་འབྲས་སྤུངས་དགོན་པ་གཉིས་སུ་ཚོགས་ཡོད་པ་དང་། ཚད་གཞི་བཞི་ལ་བརྩི་བཀུར་ལག་བསྟར་གྱིས་སྔོན་ཐོན་གྲྭ་བཙུན་རྣམ་དག་བྱེད་པར་བརྩོན་ཞེས་པའི་ཚད་གཞི་བཞི་ནི་ཆབ་སྲིད་ཐད་བློས་འཁེལ་ཆོག་པ་དང་། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཡིན་འདུག

ཚོགས་འདུའི་ཐོག་ལྷ་སའི་ཆོས་ལུགས་ལས་དོན་ཁང་གི་མགོ་འཁྲིད་ནོར་བུ་དོན་འགྲུབ་ཟེར་བས། སྲིད་འཛིན་ཞི་ཅིན་ཕིན་གྱི་དགོངས་དོན་བཞིན་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཚོར་ཚད་གཞི་ཁག་བཞི་བཏོན་ཡོད་པ་བཞིན། རེ་བ་དོན་འཁྱོལ་ཡོང་ཆེད་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་ ༡༩ པའི་ཐོག་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཆོས་ལུགས་དེ་ཀྲུང་གོ་ཅན་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་བའི་རེ་བ་བཏོན་ཡོད། རེ་བ་དེ་ལེགས་གྲུབ་ཡག་པོ་ཞིག་ཡོང་ཆེད། ད་རེས་ཚད་གཞི་བཞི་ལ་བརྩི་བཀུར་ལག་བསྟར་གྱིས་སྔོན་ཐོན་གྲྭ་བཙུན་ཡག་པོ་ཞིག་བྱེད་པའི་བྱེད་སྒོ་སྤེལ་དང་སྤེལ་བཞིན་ཡོད་། ཅེས་བཤད་འདུག

དེ་བཞིན་བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་སྤྱི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཟེར་བ་ཡིས། གྲྭ་བཙུན་ཚོར་ཆབ་སྲིད་ཐད་བློས་འཁེལ་ཆོག་པ་དང་། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་དགོས་པ་དང་། དམིགས་ཡུལ་དེ་ནི་རྒྱ་ནག་གི་དེང་རབས་ཆོས་ལུགས་ལས་རིགས་ཀྱི་བྱ་སྤྱོད་ཚད་འཛིན་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་ཡིན་པས་སློབ་གསོ་ལག་ལེན་བྱེད་སྒོའི་ནང་ཧུར་ཐག་ཞུགས་ནས་བོད་བརྒྱུད་ནང་བསྟན་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། བོད་ལྗོངས་འཕེལ་རྒྱས་ཆེན་པོ་དང་། ཡུན་རིང་བདེ་འཁོད་ཡོང་ཕྱིར་བྱས་རྗེས་གསར་པ་འཇོག་དགོས། ཞེས་བཤད་འདུག

རྒྱ་ནག་གཞུང་གིས་བོད་ས་སྟོད་སྨད་བར་གསུམ་གྱི་དགོན་སྡེ་ཁག་ཏུ་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་བཞིན་པ་དང་། ལས་འགུལ་དེ་དག་གིས་མིང་དང་དྲིལ་བསྒྲགས་བྱེད་ཐབས་ལ་འགྱུར་བ་ཅུང་ཙམ་བཏང་བ་ལས་དམིགས་ཡུལ་ཚང་མ་གཅིག་པ་ཡིན་པ་ལྟར། འདས་པའི་ལོ་ཁ་ཤས་སྔོན་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ཆབ་སྲིད་ལས་འགུལ་ཞིག་དགོན་སྡེ་ཁག་གི་ནང་ཤུགས་ཆེར་སྤེལ་ཡོད་པ་དང་། ཕྱི་ལོ་༢༠༡༢ ལོའི་ལྷ་སའི་དགོན་སྡེ་ཁག་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་ཁྲིམས་ལུགས་དྲིལ་བསྒྲགས་ཞེས་པའི་ལས་འགུལ་སྤེལ་སྐབས། རྒྱལ་གཅེས་ཆོས་གཅེས་སློབ་གསོ་ནི་མ་འོངས་པར་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད། དགོན་སྡེའི་འཆམ་མཐུན་དང་བརྟན་ལྷིང་སྲུང་སྐྱོབ་ལ་ཕན་ནུས་ལྡན་པ་ཞིག་དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་མཉམ་མཐུན་ལ་འཁྲིད་སྟོན་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་སིམ་འཛུལ་ལ་གཏོར་བཤིག་དང་འགོག་རྒོལ་བྱེད་པའི་ཕན་ནུས་ལྡན་པའི་བརྒྱུད་རིམ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ཐད་གནས་ཚུལ་སྤེལ་བའི་ནང་། ལས་འགུལ་འདི་ནི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༦ ལོར་ཐོག་མར་བོད་རང་ལྗོངས་ཀྱི་དགོན་སྡེ་ཁག་ཏུ་སྤེལ་ཡོད་འདུག་ལ། ད་ལྟའི་བར་དགོན་སྡེ་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་ལེན་མ་བྱས་པའི་གྲྭ་བཙུན་རྣམས་འཇུ་བཟུང་དང་ཕྱིར་འབུད། རང་ལོ་ ༡༨ མ་སོན་པ་རྣམས་དགོན་པར་སྡོད་མ་བཅུག་པ་སོགས་གྲྭ་བཙུན་ཁྲི་ ༡ ལ་ཉེ་བ་དགོན་པ་དང་ཁ་བྲལ་དགོས་པའི་གནས་སྟངས་ཆགས་ཡོད་པ་མ་ཟད། ༢༠༠༨ ལོའི་ཟླ་ ༣ པ་ནས་བཟུང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་དང་། ༢༠༡༡ ལོའི་ལོ་མཇུག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་ཁག་འཆམ་མཐུན་མིག་དཔེ་དགོན་པ་དང་རྒྱལ་གཅེས་སྔོན་ཐོན་གྱི་གྲྭ་བཙུན་དཔྱད་འདེམས་བྱེད་པའི་ལས་འགུལ། ཉེ་ཆར་དགོན་སྡེ་ཁག་ཏུ་གཅིག་བྱས་པ་དྲུག་དང་། ཡོད་པ་དགུའི་ལས་འགུལ་སྤེལ་བ་སོགས་དགོན་སྡེ་ཁག་ཏུ་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་ཁག་སྤེལ་མཚམས་འཇོག་ཏུ་བཅུག་སྟེ། བཙན་ཤེད་ཀྱིས་རྒྱལ་གཅེས་རིང་ལུགས་སློབ་གསོའི་ལས་འགུལ་སྤེལ་བ་སོགས། ད་ལྟའི་ཆར་བོད་ཀྱི་དགོན་སྡེ་ཁག་དེ་རྒྱ་གཞུང་གི་རྡུང་རྡེག་གཏོང་ཡུལ་དང་ཆབ་སྲིད་སློབ་གསོའི་ལས་འགུལ་སྤེལ་ཡུལ་ཆགས་ཏེ་དགོན་པའི་ཆོས་ལུགས་ཀྱི་བྱེད་སྒོ་དང་གྲྭ་བཙུན་གྱི་སློབ་གཉེར་ལ་བར་ཆད་དང་འགོག་རྐྱེན་ཚབས་ཆེན་བཟོ་བཞིན་ཡོད་སྐོར་འཁོད་འདུག

ཐེངས་འདིའི་ཚོགས་ཆེན་ཐོག་འབྲས་སྤུངས་དགོན་པའི་དོ་དམ་ལྷན་ཁང་གི་རྒྱུན་ལས་གཞོན་པ་གྲྭ་ངག་དབང་ཆོས་འཛིན་ཞེས་པ་ཞིག་གིས་གསར་འགོད་པར། ད་ལྟ་མང་ཚོགས་ཀྱི་འཚོ་བ་ཡག་པ་དང་། སྲིད་ཇུས་ལེགས་པ། ལྷག་པར་དུ་དགོན་པ་ཁག་ཏུ་ཡོད་པ་དགུ་ལ་སོགས་པའི་སྲིད་བྱུས་མང་པོ་བཏོན་ཡོད། ད་ལྟའི་སྤྱི་ཚོགས་དེ་འདྲ་ད་ཕན་བྱུང་མ་མྱོང་བ་ཞིག་ཡིན་པས། སླད་ཕྱིན་གོ་སྐབས་དེ་དམ་འཛིན་དང་རྒྱུན་མཐུད་པ་བྱེད་དགོས་ན་ཚད་གཞི་བཞི་དེའི་ཐོག་འགྲོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡོད་སྐོར་བརྗོད་འདུག

ཚད་གཞི་བཞི་ལ་བརྩི་བཀུར་ལག་བསྟར་བྱས་ནས་སྔོན་ཐོན་གྲྭ་བཙུན་རྣམ་དག་བྱེད་པའི་སློབ་གསོ་ལག་ལེན་བྱེད་དགོས་ཞེས་པ་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཞེས་པའི་སྟེང་བཤད་པ་ཞིག་ཡིན་པ་དང་། ཐེངས་འདིར་བོད་ཀྱི་རྒྱལ་ས་ལྷ་སའི་ཕྱོགས་སུ་སྲིད་བྱུས་དེ་ལག་བསྟར་གྱིས་དགོན་སྡེ་ཁག་ཏུ་ཏང་ལ་བློ་དཀར་བ་དང་ཆོས་ལུགས་རྒྱ་ནག་གི་དེང་རབས་སྤྱི་ཚོགས་རིང་ལུགས་དང་མཐུན་དགོས་པ། ཆབ་སྲིད་ཐད་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཁ་ལ་ཉན་དགོས་པ་སོགས་ཀྱི་དྲིལ་བསྒྲགས་ལས་འགུལ་ཞིག་ཡིན་པ་དང་། ལས་འགུལ་དེར་ལོ་གསུམ་གྱི་དུས་ཚོད་སྤྱད་ནས་ལྷ་སའི་དགོན་སྡེ་ ༡༠༠ ལྷག་གི་གྲྭ་བཙུན་ཡོངས་ལ་ཁྱབ་པ་བྱ་རྒྱུ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༠༦

Leave a Reply

One thought on “ཞི་ཅིན་ཕིན་གྱི་དགོངས་དོན་ལྟར་གྲྭ་བཙུན་རྣམ་དག་བྱེད་པར་བརྩོན།

  1. བཀྲིས་ཚེ་རིང་།

    ཀྲུའུ་ཞི་ཞི་ཅིང་ཧྥིང་གིས་ཁ་མཁས་འཛུམ་སྟོན་གྱིས་བོད་མི་རིགས་དང་ཆོས་ལུགས་བཅས་མེད་པར་བཟོ་བའི་ཆེད་དུ་བོད་མི་ཀླད་མེད་ཁོག་སྟོང་སྒྲུབ་ཁང་ལྟ་བུ་བེད་སྤྱད་དེ་ནང་ཆོས་དེ་གུང་ཁྲན་རིང་ལུགས་ཀྱི་བལྟ་གྲུབ་ལ་ཞབས་ཞུ་བའི་ཚད་བཀག་གི་ཆོས་ལུགས་སུ་སྒྱུར་བཞིན་པ་མ་ཟད། ནང་ཆོས་ཀྱི་གཞུང་ལུགས་ལ་སློབ་གཉེར་བྱེད་མཁན་ལ་མཐུན་སྦྱོར་མེད་པའི་ཁར་ན་ཆུང་ཚོར་མིའི་བསམ་སྤྱོད་འདས་པའི་བསླབ་ངན་དང་དམ་དྲག་བཀག་སྡོམ་ཚད་འཛིན་བྱས་ཏེ། སྔ་ཕྱི་བར་གསུམ་དུ་ཆོས་ལུགས་ནི་འཛམ་གླིང་དང་མེས་རྒྱལ། མི་རིགས་དབར་མཐུན་སྒྲིལ་མེད་པར་བཟོ་མཁན་དང་། ལྷག་དོན་མིའི་ཕུགས་བསམ་དང་སྤྱི་ཚོགས་ཡར་རྒྱས་ཀྱི་བཀག་སྡོམ་གྱི་འགག་རྡོ་ཞེས་པའི་ཉེས་མིང་སྣ་ཚོགས་བཏགས་ནས། ཆོས་བྱེད་ཀྱི་དགེ་འདུན་རྣམས་ལ་མཐོང་ཆུང་དང་ལྷག་དོན་སློབ་གཉེར་བའི་དུས་ཚོས་བཙན་འཕྲོག་གིས་འཛམ་གླིང་ལ་ཕན་མེད་ཀྱི་སྒེར་འཛིན་རིང་ལུགས་ཀྱི་ལྟ་གྲུབ་སློབ་སྦྱོང་བྱེད་དུ་བཅུག་ནས་ནང་ཆོས་ཀྱི་ཆུ་ཚད་ལ་ཉམས་ཉེས་གང་ཐུབ་དང་། མི་རིགས་ཀྱི་ན་ཆུང་ཚོ་ལ་ཡང་ནང་ཆོས་ལ་སློབ་སྦྱོང་བྱེད་ཆོག་གི་མ་རེད་ཅེས་སློབ་ཕུག་དང་དེའི་ཁྱིམ་མི་ཚོར་བཀག་འགོག་གནོན་ཤུགས་སོགས་སྤྲད་པ་སོགས་མདོར་ན། བོད་མི་རིགས་དང་དེའི་ཤ་ཁྲག་རུས་གསུམ་ཐིམ་པའི་རྩ་ཆེན་རིག་གཞུང་མེད་པར་བཟོས་ཏེ་ཧིན་མི་རིགས་སུ་བསྒྱུར་བའི་འཆར་གཞི་དང་ལག་བསྟར་བྱེད་དང་བཞིན་བྱེད་ནི་བསམ་ཡོད་ཀུན་གྱིས་ཤེས་གསལ་རེད། དེར་བརྟེན་ཁོའི་གཡོ་ཟོལ་གྱི་གཏམ་སྙམ་དང་བསླུ་བྲིད་ཀྱི་འཛུམ་བག་ལ་རེ་བཅོལ་དང་ཡིད་ཆེས་སུ་མ་བཅངས་པར་རང་དོན་རང་གཅེས་ཀྱིས་རང་མི་རིགས་ཀྱི་ཤ་ཁྲག་རུས་གསུམ་གྱི་བླ་སྲོག་རིག་གཞུང་དང་གོམས་གཤིས། ཆོས་ལུགས་བཅས་ལ་རང་སྲོག་བློས་བཏང་གིས་སྲུང་སྐྱོབ་དང་ཆེ་མཐོང་བྱེད་དགོས།