ལོ་རྗེས་མ་དགུང་སྐེག་དངོས་གཞི་ཡིན་པས་ཁ་བ་གངས་ཅན་པ་ཡོངས་ནས་རྣམ་དཀར་བསོད་ནམས་གསོག་པར་འབད་དགོས།

ཡ་རབས་བཟང་སྤྱོད་དང་བྱམས་བརྩེ་ལྡན་པའི་བོད་མི་ཞིག་ཡོང་ཐབས་ཆེད་ཉམས་ལེན་ཞུ་རྒྱུའི་དམ་བཅའ་བསྐྱར་ནན་ཞུ་རྒྱུ་ནི་༧སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་རྒྱུའི་དགོས་དོན་སྙིང་པོ་དེ་ཆགས་ཡོད།དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་བསྟུན། ཞོགས་པའི་ཆུ་ཚོད་ ༨ པ་ཐོག་ལྷ་རྒྱལ་རིར་བསང་གསོལ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གྲུབ་རྗེས། སྔ་དྲོའི་ཆུ་ཚོད་ ༡༠ སྟེང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། གཞུང་འབྲེལ་གྱིས་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་སོང་བ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་འབྲུ་རིགས་བློན་ཆེན་སྐུ་ཞབས་ཀི་ཤན་ཀཱ་པུར་ (Kishan Kapoor) མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་གྷོ་པལ་ནཱ་རཱ་ཡན་ (Gopal Narayan) ལགས་དང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇཱ་ནར་ཌན་སིན་སིག་རི་ཝལ་ (Janardan Singh Sigriwal) ལགས། དེ་བཞིན་ཡབ་གཞིས་སྐུ་འཁོར་རྣམ་པ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཆུང་དང་སྲི་ཞུའི་ལས་བྱེད་རྣམ་པ། གཞན་ཡང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན། དྷ་ས་ཁུལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག དེ་བཞིན་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༣༠༠༠ ལྷག་འཛོམས་འདུག་ལ། འཁྲུངས་སྐར་གྱི་དགའ་སྟོན་ཐོག་བོད་ཀྱི་ཟློས་གར་ཚོགས་པ་དང་སློབ་གྲྭ་ཁག་གི་སློབ་ཕྲུག་བཅས་ནས་གཞས་སྣ་འཁྲབ་སྟོན་བྱས་སོང་།

མཛད་སྒོའི་ཐོག་སྲིད་ཚབ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་དང་། རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས་རྗེས། དྷ་ས་ས་གནས་མགོ་འཛིན་གྱི་གོ་སྒྲིག་འོག་བོད་ཆོལ་གསུམ་ཆིག་སྒྲིལ་ཚོགས་པས་རྟེན་འབྲེལ་མཚོན་སླད་སྐུ་མགྲོན་དང་མི་མང་ལ་འཁྲུངས་སྐར་མངར་ཟས་ (Cake) འདེགས་འབུལ་བགོ་འགྲེམས་གནང་སོང་། དེ་ནས། ཕྱི་དྲིལ་རྒྱ་ཡིག་ཚན་པས་རྒྱ་ཡིག་ནས་བསྒྱུར་བའི་དུས་རབས་ཉེར་གཅིག་པའི་སྟོད་དུ་རྒྱ་རིགས་ཤེས་ཡོན་ཅན་གྱི་བོད་དོན་ལ་ལྟ་སྟངས་ཞེས་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སློབ་གྲྭ་ཁག་ལ་ཤེས་ཡོན་སློབ་སྦྱོང་བྱེད་སྒོའི་སྐོར་བསྩལ་པའི་བཀའ་སློབ་ཕྱོགས་སྒྲིག་གི་སྟོད་ཆ་བོད་ཡིག་ནས་རྒྱ་ཡིག་ལ་བསྒྱུར་བའི་དེབ་གཅིག དེ་བཞིན་སྦར་ཛིལ་དོན་གཅོད་ཀྱིས་ཕྱོགས་སྒྲིག་གནང་པའི་ཡུ་རོབ་ནང་གི་གྲོང་སྡེ་ཁག་ནས་ལོ་ལྟར་སུམ་བཅུའི་དུས་དྲན་སྐབས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་པའི་སྐོར་གྱི་དེབ་ཅིག གཞན་འབྲས་ལྗོངས་བྱ་མ་རྟ་གསར་ཤོག་གི་རྩོམ་སྒྲིག་པ་ཟུར་པ་ཚེ་དབང་རྟ་མགྲིན་གྱིས་བརྩམས་པའི་གྲངས་ངེས་ཤེས་བྱ་གཅིག་བསྡུས་ཞེས་པའི་དེབ་དང་། ཧི་མ་ཅལ་མངའ་སྡེའི་གཞས་པ་སྐུ་ཞབས་སུ་ནིལ་རཱ་ནཱ་ (Sunil Rana) ཡི་གཞས་ཀྱི་འོད་སྡེར་ཅིག་བཅས་དབུ་འབྱེད་གནང་སོང་། གཞན་ཡང་། མཛད་སྒོའི་སྐབས་ནང་སྲིད་ཟུང་དྲུང་བདུད་འདུལ་རྡོ་རྗེ་ལགས་ལ་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་དང་། བོད་མིའི་སྒྲིག་འཛུགས་ལ་ཞབས་ལོ་ ༢༥ ཧྲིལ་བོར་སྲི་ཞུ་ཞུ་མཁན་ ༡༠ ལ་གཟེངས་རྟགས་དང་། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་སྒྲིག་ཞུགས་མ་ཡིན་པའི་རིགས་གཅིག་རྐང་འཛིན་ཉམས་ཞིབ་པ་ཚེ་བརྟན་བཀྲ་ཤིས་དང་། མཁྱེན་རབ་རྒྱ་མཚོ་ལགས་གཉི་ཀར་རིགས་གཅིག་རྐང་འཛིན་གྱི་ཕྱག་འཁྱེར་གནང་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ཡིག་ཐོག་ནས་སྒྲོག་སྦྱངས་གནང་སྐབས། དེ་རིང་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མིའི་གཙོས་ཞི་བདེ་ལ་དགའ་བའི་འཛམ་གླིང་མི་མང་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་ངང་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་ལམ་ནས་མགོན་པོ་གང་གི་ཡོངས་གྲགས་མཛད་འགན་གསུམ་དང་། རྒྱ་གར་གྱི་གནའ་བོའི་རིག་གཞུང་གོང་འཕེལ་གཙོས་པའི་འཛམ་གླིང་ཀུན་ཁྱབ་མཛད་འཕྲིན་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་ཞིང་། བླང་དོར་ལམ་སྟོན་མཛད་པ་རྣམས་ནི། ཡ་རབས་བཟང་སྤྱོད་དང་། བྱམས་བརྩེ་ལྡན་པའི་བོད་མི་ཞིག་ཡོང་ཐབས་ཆེད་ཉམས་ལེན་ཞུ་རྒྱུའི་དམ་བཅའ་བསྐྱར་ནན་ཞུ་རྒྱུ་ནི་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་དགོས་དོན་སྙིང་པོ་དེ་ཆགས་ཡོད། ཅེས་གསུངས་སོང་།

ཡང་གསུང་འཕྲིན་སྒྲོག་སྦྱངས་སྐབས། ཉེ་སྔོན་དྲ་རྒྱ་དང་གསར་ཤོག་ཁག་ཅིག་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་གནས་བབ་སྐོར་ལ་དོན་དངོས་མིན་པར་འཆལ་གཏམ་སྤེལ་བ་དེར་གཞི་རྩ་གང་ཡང་མེད། ཉེ་ཆར་ཕྱི་ཟླ་ ༦ པའི་ནང་ཡུ་རོབ་བྷལ་ཊིའི་མངའ་ཁུལ་གཏོགས་པའི་ལི་ཐུ་ཝེ་ནི་ཡ་ (Lithuania) དང་ལ་ཏི་ཝི་ཡ་ (Latvia) རྒྱལ་ཁབ་གཉིས་ནང་ཆིབས་བསྒྱུར་སྐྱོང་བས་མཛད་འཆར་ཁག་ལེགས་གྲུབ་ཀྱིས་ཕྱིར་༧ཞབས་སོར་འཁོད་མཚམས་གྷ་གྷལ་གནམ་ཐང་དུ་༧གོང་ས་མཆོག་ཉིད་ཀྱིས་སྐུ་གཟུགས་བདེ་ཐང་ཡིན་པ་བཀའ་གསལ་རྗེན་པ་གནང་ཡོད་པས་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་སེམས་ངལ་གནང་མི་དགོས་པ་དང་། ༧གོང་ས་མཆོག་དགུང་ནའི་བབ་དང་ལོ་འདིར་དགུང་སྐེག་སྔོན་ལོ་དང་ལོ་རྗེས་མ་དགུང་སྐེག་དངོས་གཞིར་ཟིན་གྱི་ཡོད་ན། རང་ཅག་ཁ་བ་གངས་ཅན་པ་ཡོངས་ནས་༧རྒྱལ་བའི་སྐུ་ཕྱྭའི་ཆེད་རྣམ་དཀར་བསོད་ནམས་གསོག་སྒྲུབ་ཀྱི་ལས་ལ་འབད་འབུངས་ཤུགས་ཆེར་གནང་དགོས་པ་དང་། གཙོ་བོར་བོད་མི་རྣམས་ཀྱིས་ནང་ཁུལ་མཐུན་ལམ་གཟོང་ཁ་ཆིག་སྒྲིལ་དང་། བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་པར་གཞུང་སྒེར་ཚང་མས་གཅེས་འཛིན་གྱིས་དར་སྤེལ་གང་ལེགས་གནང་ཐུབ་ན། དེ་ནས་༧རྒྱལ་བ་ཐུགས་དགྱེས་པའི་མཆོད་སྤྲིན་དང་། དོན་དམ་པའི་བརྟན་བཞུགས་ཀྱང་ཆགས་ཀྱི་ཡོད་ན་བོད་མི་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱི་འབད་བརྩོན་སྔར་ལྷག་གནང་དགོས་པའི་སྐུལ་མ་ནན་ཏན་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དམིགས་བསལ་སྐུ་མགྲོན་གྲོས་ཚོགས་འོག་མའི་འཐུས་མི་ཇཱ་ནར་ཌན་སིན་སིག་རིཝལ་ (Janardan Singh Sigriwal) ལགས་ཀྱིས། རྒྱ་གར་གྱི་སྲིད་འཛིན་དང་པོ་རཱ་ཇིན་ཌིར་པིར་སཱཌ་མཆོག་གི་སྐབས་ནས་བཟུང་སྟེ། རྒྱ་གར་གྱི་དཔོན་རིགས་རིམ་བྱོན་ནས་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་པ་ལྟར་མུ་མཐུད་གནང་རྒྱུ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་ཆོས་དད་རང་དབང་མེད་པ་སོགས་ལ་རྒྱ་གར་གྱི་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ནས་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་པ་དང་། ༧གོང་ས་མཆོག་ནས་བོད་ནང་གི་དཀའ་སྡུག་སེལ་ཆེད་སྐུ་ལས་བསྐྱོན་བཞིན་ཡོད་པ་དེར་རྒྱ་གར་གྱིས་རྒྱབ་སྐྱོར་ཞུ་བཞིན་ཡོད་སྐོར་དང་། བྷི་ཧར་ནང་ནང་པའི་གནས་ཆེན་མང་པོ་དང་འགྲེམས་སྟོན་ཁང་སོགས་ཡོད་པས་བོད་མི་རྣམས་གནས་མཇལ་དུ་རྒྱུན་མ་ཆད་པར་ཡོང་གི་ཡོད་པ་ལྟར། མུ་མཐུད་གནས་མཇལ་དུ་ཕེབས་པར་དགའ་བསུ་ཞུ་ཡི་ཡོད། བོད་དོན་དཀའ་རྙོག་ཐད་འཕྲལ་དུ་རྒྱལ་སྤྱིའི་རྒྱལ་ཁབ་ཚང་མས་རྒྱབ་སྐྱོར་འཐོབ་ཏེ་བོད་རྒྱའི་དཀའ་ངལ་སེལ་ཐུབ་པ་དང་། བོད་མི་རྣམས་མགོ་བཀྱག་བཀྱག་བྱས་ནས་འགྲོ་ཐུབ་པའི་ཉིན་མོ་ཞིག་བསླེབ་ངེས་རེད་ཅེས་སེམས་གཏིང་ཞུ་ཡི་ཡོད། ད་ལྟའི་ཆར་བོད་དོན་ལ་རྒྱབ་སྐྱོར་གནང་གི་མེད་པའི་རྒྱལ་ཁབ་དེ་ཚོས་ཀྱང་མ་འོངས་པར་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་ཁེལ་ངེས་བ་དང་། རྒྱ་ནག་གཞུང་གིས་སྦེད་གསང་བྱེད་བཞིན་ཡོད་པའི་བོད་དོན་དཀའ་རྙོག་དེ། མ་འོངས་པར་རིམ་གྱིས་རྒྱལ་སྤྱིའི་སྟེང་ཕྱི་གསལ་ནང་གསལ་ཆགས་ཏེ་སེལ་ཐབས་ཡོང་རྒྱུ་ཡིན་སྐོར་གསུངས་སོང་།

དམིགས་བསལ་སྐུ་མགྲོན་གྲོས་ཚོགས་གོང་མའི་འཐུས་མི་གྷོ་པལ་ནཱ་རཱ་ཡན་སིན་ (Gopal Narayan Singh) ལགས་ཀྱིས། རྒྱ་ནག་གཞུང་གིས་བཙན་གནོན་འོག་བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་བསླེབས་ཏེ། བོད་ནང་གི་གཞུང་དེ་རྒྱ་གར་ནང་བསྐྱར་འཛུགས་ཀྱིས་༧གོང་ས་མཆོག་གིས་དབུ་འཁྲིད་ནས། སྐུ་ངལ་བསྐྱོན་པ་ལ་བརྟེན་ནས་བོད་པའི་ངོ་བོ་མ་བརླག་པར་གནས་ཐུབ་ཀྱི་ཡོད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་རིམ་གྱིས་བོད་དོན་ལ་རྒྱབ་སྐྱོར་གནང་བཞིན་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་བོད་ནང་གདུག་སྦྱོང་མནར་གཅོད་གཏོང་བཞིན་པ་དེར་གནོན་ཤུགས་ཐེབས་ཀྱི་ཡོད་སྐོར་དང་། བོད་རིགས་སྤུན་ཟླ་ཚོས་བོད་ཀྱི་རིག་གཞུང་བདག་ཉར་བྱེད་པར་དཀའ་ལས་རྒྱག་བཞིན་པ་དེར་རྒྱ་གར་མི་མང་གིས་ཀྱང་རྒྱབ་སྐྱོར་མུ་མཐུད་བྱེད་ཀྱི་ཡོད། ༧གོང་ས་མཆོག་ནས་བོད་དོན་ཆེད་སྐུ་ངལ་མཛད་པ་དེར་ཆེ་བསྟོད་ཞུ་འོས་པ་ཞིག་ཡིན་ལ། བཙན་བྱོལ་བོད་མི་རྣམས་ཀྱིས་དཀའ་སྡུག་ལ་གདོང་ལེན་གྱིས་སོ་སོའི་རིག་གཞུང་བདག་ཉར་དང་། རྡོག་རྩ་ཆིག་སྒྲིལ་བྱེད་བཞིན་པ་དེ་མུ་མཐུད་གནས་ཐུབ་པར་སྨོན་ལམ་རྒྱག་རྒྱུ་ཡིན་སྐོར་གསུངས་སོང་།སྲིད་ཚབ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོག་སྦྱངས་གནང་སྐབས། ༧གོང་ས་མཆོག་གི་མཛད་རྗེས་དེ་དག་ལ་འཛམ་གླིང་ཕྱོགས་ཀུན་ནས་ཡི་རངས་ཏེ་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་གཟེངས་བསྟོད་གྲངས་ ༡༥༠ ལྷག་དགྱེས་འབུལ་ཞུས་ཡོད་པ་སོགས་ཞུ་མི་དགོས་ཀྱང། ད་རེས་ཀྱི་དུས་ཚེས་ཁྱད་པར་ཅན་འདི་སྲུང་བརྩི་ཞུ་བ་དང་ཆབས་ཅིག་མཛད་རྗེས་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ་ཞིག་ངོ་སྤྲོད་ཞུས་པ་ཡིན། ལྷག་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གངས་ཅན་པ་རྣམས་ལ་ཐུགས་བརྩེས་བསྐྱངས་པའི་སྐུ་དྲིན་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་ནོར་བདུན་གྱི་ཡོངས་སུ་བཀང་སྟེ་ཕུལ་ཡང་ཆ་ཙམ་ཡང་གཞལ་མི་ཐུབ་པ་ཞིག་ཡིན། ཁྱད་པར་བོད་མིའི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མཐའ་དག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་འཕྲིན་ལས་ཁོ་ནར་རག་ལུས་ཡོད་པས། མགོན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་མཛད་འཕྲིན་ཆེས་ཆེར་རྒྱས་དགོས་པ་ནི་བོད་མིའི་འཕྲལ་ཕུགས་གཉིས་ཀའི་བདེ་སྐྱིད་ཀྱི་རྩ་བ་ཡིན་པར་སོང། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་༧མགོན་པོ་མཆོག་གིས་ཅི་གསུང་བཀའ་བསྒྲུབ་ཞུ་རྒྱུ་དང་། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པར་དམ་ཚིག་རྡོག་རྩ་གཅིག་བསྒྲིལ་དགོས་པའི་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན། དེ་དང་འབྲེལ་ནས་གསལ་བཤད་ཞུ་འདོད་པ་ཞིག་ལ། ཉེ་ཆར་གསར་འགྱུར་བརྒྱུད་ལམ་གཅིག་གི་ནང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྙུང་གཞི་ཚབས་ཆེན་ཡོད་གནས་ཁུངས་མེད་ཀྱི་གནས་ཚུལ་དེ་དོལ་རྒྱལ་ཚོགས་པ་སོགས་ཕ་རོལ་པོས་ཆེད་སྤེལ་བྱས་རྐྱེན་རྒྱ་ཆེ་མང་ཚོགས་ལ་སེམས་འཚབ་ཡོང་ངེས་ལ་སོང་། ད་རེས་ཀྱི་གོ་སྐབས་འདི་བརྒྱུད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་གསལ་ཐང་ཡིན་པས་མགོན་པོ་མཆོག་ལ་དད་དམ་གཡོ་བ་མེད་པའི་གཞིས་བྱེས་བོད་མི་ཡོངས་དང་། རྒྱལ་སྤྱིའི་རྒྱ་ཆེ་མང་ཚོགས་ཚང་མ་བློ་གཡེང་རྩ་བ་ནས་མི་དགོས་པ་ཞུ་འདོད་བྱུང་། ཞེས་གསུངས་སོང་།

ཨ་རིའི་གྲོས་ཚོགས་ནས་བོད་ཀྱི་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་ལ་གྲོས་ཆོད་བཞག་པའི་སྐོར་གསུང་འཕྲིན་ནང་། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༩ བཞེས་པའི་སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན། ཨ་རིའི་གྲོས་ཚོགས་གོང་མས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་བོད་མིའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ལམ་ལུགས་དེར་རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་ཚེ་རྩིས་མེད་གཏོང་རྒྱུ་ཡིན་པའི་མང་མོས་གྲོས་ཆོད་བཞག་ཐོག བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་དང་། ཨ་རིའི་གཞུང་ཚབ་པས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་མཇལ་འཕྲད་ཞུ་དགོས་པ་གསལ་ཡོད། དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཀྱང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགུང་ལོ་དྲུག་གི་ཐོག་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་པ་ནས་ད་བར་གར་སོང་ཆ་མེད་འོག་གནས་མུས་ཡིན་པས། ཁོང་འཕྲལ་དུ་གློད་བཀྲོལ་བཏང་སྟེ་འགྲོ་བ་མིའི་རིགས་ཀུན་ལ་ཁྱབ་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལ་བརྩི་བཀུར་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད་པ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་འདུག

མཇུག་ཏུ། སྐུ་མགྲོན་གཙོ་བོ་ཀི་ཤན་ཀཱ་པུར་ (Kishan Kapoor) མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། ཐོག་མར་༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༨༣ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ ཉིན་མོར་འདིར་ཡོད་ཚང་མ་དང་བོད་མི་ཡོངས་ལ་འཚམས་འདྲི་ཞུ། ༧གོང་ས་མཆོག་ནས་ལོ་མང་སྔོན་ནས་ཁོར་ཡུག་དང་འབྲེལ་བའི་དཀའ་ངལ་ལ་ཐུགས་འཚབ་གནང་ཡོད་པ་དང་། ད་ལྟ་རྒྱལ་སྤྱིའི་ཐོག་ནས་དཀའ་ངལ་དེ་ལ་ཐུགས་འཚབ་བྱེད་བཞིན་ཡོད་པ་རེད། ཁོར་ཡུག་འགྱུར་ལྡོག་གི་རྐྱེན་གྱིས་ལུང་པ་མང་བོར་ཆར་ཆུ་དུས་སུ་མ་བབ་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད། དྷ་སར་མཚོན་ནའང་ན་ནིང་ཁ་བ་བབས་མེད་པ་དང་། ཆུའི་དཀའ་ངལ་དྷ་ས་དང་སིམ་ལ་གཉིས་ལ་འཕྲད་བསྡད་ཡོད་ལ། མ་འོངས་པར་རྒྱ་གར་རྒྱལ་ཡོངས་ཀྱི་བརྒྱ་ཆ་ ༦༠ ལྷག་ནང་ཆུ་ཡི་དཀའ་ངལ་ལ་གདོང་ལེན་བྱེད་དགོས་འཁེལ་རྒྱུ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས། ༧གོང་ས་མཆོག་གི་ཞི་བདེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱིས་འཛམ་གླིང་འདི་ཞི་བདེའི་ལྟེ་གནས་སུ་བསྒྱུར་རྒྱུ་ཡིན་པ་དང་། ད་ལྟའི་བཙན་གནོན་གདུག་རྩུབ་ཆེ་བའི་རྒྱ་ནག་དང་པཱ་ཀི་སི་ཐན་ལྟ་བུའི་ལུང་པ་རྣམས་ལ་རིམ་གྱིས་འགྱུར་ལྡོག་འབྱུང་རྒྱུ་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་འབྲོག་ལམ་ས་མཚམས་ཀྱི་རྩོད་རྙོག་ཐད་བཟུང་བའི་བྱུས་ངན་དེར། སྲིད་བློན་མུ་དྷི་མཆོག་ནས་ཁ་གཏད་ཡག་པོ་བཅག་སྟེ་རྒྱ་ནག་གཞུང་གི་རེ་བ་མངོན་འགྱུར་ཐུབ་མེད་པ་དང་། ཉིན་ཞིག་རྒྱ་ནག་གི་བཙན་པོ་དབང་ཡོད་ཀྱི་བྱ་སྤྱོད་མཚམས་ཆད་དེ། བོད་ལ་རང་དབང་འཐོབ་ངེས་རེད། དེ་རིང་གི་སྡིངས་ཆ་འདི་བརྒྱུད་རྒྱ་ནག་གིས་དུས་ནམ་ཡང་བོད་ནང་ཡོད་པའི་སྲོལ་རྒྱུན་དང་དགོན་པའི་ལྟེ་གནས་རྣམས་རྩ་མེད་གཏོང་བའི་ངན་བྱུས་ནམ་ཡང་འགྲུབ་ཐབས་མེད་སྐོར་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༧/༠༦

Leave a Reply

2 thoughts on “ལོ་རྗེས་མ་དགུང་སྐེག་དངོས་གཞི་ཡིན་པས་ཁ་བ་གངས་ཅན་པ་ཡོངས་ནས་རྣམ་དཀར་བསོད་ནམས་གསོག་པར་འབད་དགོས།

  1. ང་ཚོ་ཕྱོགས་གཅིག་ནས་་་ བོད་དང་རྒྱ་གཉིས་ ཐ་དད་ཡིན་བཤད། ཕྱོགས་གཅིག་ནས་་་ རྒྱའི་རིག་གཞུང་བདག་པོ་རྒྱག ལོ་རྗེས་མ་༧གོས་ས་མཆོག་གིས་དགུང་སྐེག་རེད། སྐེག་འམ་སྐག་ཟློག་ཟེར་བ་དེ་་་ བོད་ཀྱི་རིག་གཞུང་ཨེ་ཡིན་སྙམ། མིང་ལ་་་ རྒྱ་ནག་སྐག་ཟློག་ཟེར། དེང་སང་བོད་པའི་སྤྱི་ཚོགས་ནང་མཁས་དབང་ང་ཡིན་ཟེར་མཁན་མང་པོ་འདུག་ག རྒྱ་ནག་གིས་རྩིས་ལ་མགོ་མ་འཁོར་བ་་་ བོད་རང་གིས་རིག་གཞུང་ཐོག་ནས་རྩིས་སྐོར་ཡ་བཟོ་ཡ་མེད་ཡིན་ནམ། དེང་སང་འཛམ་གླིང་ནང་ཆགས་སྒོ་མང་པོ་ཡོང་གི་འདུག་ག ཁོང་ཚོ་ཚང་མ་སྐག་འཁལ་སྡད་ཡོད་ས་རེད། བསྟན་པ་ཡར་འཕེལ་དང་། སྤེན་པ་ཚེ་རིང་ཁོང་གཉིས་ཡང་སྐག་འཁལ་སྡད་ཡོད་ས་རེད། ཞབས་རྟེན་གྱིས་ལབ། ག་རེ་རྒྱ་ནག་གིས་རྩིས་འདྲ་སྐོར། དགོན་པ་གྲྭ་ཚང་ཚོའི་ རྒྱའི་གླིང་བུ་འདྲ་འབུད། ད་ཀྱང་ཡོང་ས་རེད་པས།
    ད་རིང་ལྡ་སའི་༧སྐུའི་འཁྲུངས་སྐར་ལ་རྒྱ་གར་གིས་སྐུ་མགྲོན་གཙོ་བོའི་སྣང་བ་སྐྱིད་པོ་དང་ཁ་དངར་མོ་ཡག་པོ་གསུངས་འདུག དགའ་པོ་བྱུང་ ཐོ་ཆེ་གནང་།

  2. ཤ་རུས་གདུང་བརྒྱུད་གཅིག་པའི་བོད་པ་ཚོ། དེ་རིང་བསྟན་པ་ཡར་འཕེལ་ལ་ངོ་རྒོལ་བྱས། སང་ཉིན་སྤེན་པ་ཚེ་རིང་ལ་ངོ་རྒོལ་བྱེད། ཁ་ཤས་ཀྱིས་༧སྐྱབས་མགོན་རིན་པོ་རིན་པོ་ཆེ་ལ་ངོ་རྒོལ་བྱས་དང་བྱེད་བཞིན་པ་བཅས་གནས་ཚུལ་འདི་རྣམས་མིག་ལམ་དུ་མཐོང་སྐབས་མ་འོངས་བོད་ཅེས་པ་དང་། བོད་རིགས་ཞེས་པའི་མཐའ་སྙད་དེ་མི་སུའི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་ཚེ་ཡིད་ཕྱ་བ་དང་། དཔའ་ཞུམ་པ། སེམས་སྤོབ་རང་བཞིན་གྱིས་ཞི་བར་འགྱུར་བའི་གནས་སྟངས་དེ་མཐོང་དུས་སུ་ལ་དགའ་བདེ་ཡོང་བར་ང་ཚོ་ཚང་མའི་ངེས་པར་ཤེས་དགོས་རྒྱུ་དེ་གལ་ཆེ་ནང་གི་གལ་ཆེན་ཞིག་ཡིན་པས་བརྗེད་རྒྱུ་རྩ་བ་ནས་མེད། སྔར་ཕྱི་ལོ་ ༡༩༥༩ སྔོན་དུས་སུ་གནས་སྟངས་འདི་འདྲ་བ་ཞེ་གཅིག་གིས་རྐྱེན་པའི་ང་ཚོའི་རྒྱལ་ཁབ་དེ་རྒྱ་འོག་བཅུག་པ་ཡིན་པའང་ཤེས་དགོས། རང་ཉིད་ལ་མཚོན་ན་ངོ་དེབ་སྟེང་མཆན་འདྲ་མིན་བཀོད་མཁན་ཞིག་གཏན་ནས་མིན་ནའང་། དེ་རིང་རང་རེ་དོན་གྱི་བདག་པོ་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་འདིར་དུས་ཚོད་དམ་འཛིན་གྱིས་ཆབ་སྲིད་དང་འབྲེལ་བའི་སྣང་བརྙན་དེ་རྣམས་མཐོང་སྐབས་ཡིད་སྐྱོ་ཤས་ཤིག་བྱུང་བས་དྲྭ་ལམ་དུ་བཀོད་ཐལ་ལོ།།