ཉི་ཧོང་ནང་རང་བྱུང་གོད་ཆག་ཆེན་པོ་བྱུང་།

ཉི་ཧོང་ནང་ཆུ་ལོག་ས་ཉིལ་སོགས་ཀྱི་གོད་ཆག་བྱུང་སྟེ་ཉུང་མཐར་མི་གྲངས་ ༢༧ རྐྱེན་འདས་དང་མི་ ༤༥ གར་སོང་ཆ་མེད་དུ་གྱུར་ཡོད་འདུག

ཉི་ཧོང་ནང་ཉིན་འགའ་བསྟུད་མར་དྲག་ཆར་བབས་ཏེ་ཡུལ་དེའི་ཤར་ནུབ་གཉིས་ཀྱི་ཞིང་ཆེན་ ༨ ཀྱི་གྲོང་ཁྱེར་ཁག་ནང་ཆར་ཆུ་ཤུགས་ཆེན་རྒྱས་པར་བརྟེན། ཆུ་ལོག་དང་ས་ཉིལ་སོགས་ཀྱི་གོད་ཆག་ཆེན་པོ་བྱུང་ཡོད་པ་དང་། ད་ལྟའི་ཆར་ཉི་ཧོང་གཞུང་གིས་མི་རྐྱེན་འདས་ཀྱི་གྲངས་འབོར་ཁ་གསལ་བརྗོད་མེད་ཀྱང་། རྒྱལ་སྤྱིའི་གསར་ལམ་དུ་ཐོན་པའི་གནས་ཚུལ་ལྟར་ན། ཉུང་མཐར་མི་ ༢༧ རྐྱེན་འདས་སུ་ཕྱིན་པ་དང་། མི་ ༤༥ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། དེ་རིང་ཡུལ་དེའི་གནམ་གཤིས་བརྟག་དཔྱད་ཁང་གིས་སང་ཉིན་དྲག་ཆར་ཤུགས་ཆེན་འབབ་ཉེན་ཡོད་པས་ཡུལ་མི་ས་ཡ་ ༣ ལྷག་ཉེན་གཡོལ་དུ་འགྲོ་དགོས་པའི་ཉེན་བརྡ་བཏང་འདུག

སྲིད་བློན་ཤིན་རྫོ་ཨ་བྷེ་ (Shinzo Abe) མཆོག་གི་མྱུར་སྐྱོབ་ལས་ཁུངས་འོག་གནས་ཚུལ་རྒྱུས་ལོན་དང་མྱུར་སྐྱོབ་དུས་ཐོག་ཡོང་སླད་ཛ་དྲག་མྱུར་སྐྱོབ་འབྲེལ་མཐུད་ཚན་པ་ཞིག་བཙུགས་ཡོད་པ་དང་། སྲིད་བློན་ཤིན་རྫོ་ཨ་བྷེ་མཆོག་གིས་མི་མང་སྲོག་ཉེན་ལས་སྐྱོབ་པ་དང་མྱུར་སྐྱོབ་ཚན་པ་དུས་ལྟར་གཏོང་ཐུབ་རྒྱུ་ནི་གཙོ་གནད་དེ་ཡིན། ཅེས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཉི་ཧོང་གནམ་གཤིས་བརྟག་དཔྱད་ཁང་གིས། ཡུལ་མི་ཁྲི་ ༡༦ ཙམ་རང་ཁྱིམ་ནས་ཉེན་གཡོལ་བྱ་དགོས་པའི་ཉེན་བརྡ་བཏང་ཡོད་པ་དང་། ཉིན་རེ་བཞིན་ཆར་རླུང་ཤུགས་ཆེ་རུ་སོང་བས་དེ་རིང་སྔ་དྲོར། ཡུལ་དེའི་གནམ་གཤིས་བརྟག་དཔྱད་ཁང་གིས་དམིགས་བསལ་ཉེན་བརྡ་བཏང་སྟེ། སང་ཉིན་ཉི་ཧོང་གི་མཚོ་གླིང་ཆེ་ཤོས་དང་མི་འབོར་མང་ཤོས་ཧོན་ཧྲོ་ (Honshu) ཡི་ནུབ་ཕྱོགས་སུ་ཡོད་པའི་ཞིང་ཆེན་ ༤ ཡི་གཙོའི་ཞིང་ཆེན་གཞན་ཁག་ཅིག་ནང་དྲག་ཆར་ཤུགས་ཆེན་འབབ་ཉེན་ཡོད་སྟབས། ཡུལ་མི་ཚང་མས་བདེ་འཇགས་ལ་ཡིད་གཟབ་དགོས་པ་མ་ཟད། ཉེན་ཁ་ཆེ་བའི་ས་ཁུལ་ཁག་ནས་མི་གྲངས་ས་ཡ་ ༣ ལྷག་ས་གནས་གཞན་ལ་ཉེན་གཡོལ་དུ་འགྲོ་དགོས་པའི་ཛ་དྲག་ཉེན་བརྡ་བཏང་ཡོད་འདུག

དེ་རིང་སྔ་དྲོར་ཉི་ཧོང་གི་བློན་ཆེན་ལྷན་ཚོགས་ཀྱི་དྲུང་ཆེ་ཡོ་ཤི་ཧའེ་དྷི་སུ་གྷ་ (Yoshihide Suga) ལགས་ཀྱིས། མེ་གསོད་ལས་མི་དང་ཉེན་རྟོག་པ། དེ་བཞིན་ཉི་ཧོང་བདེ་སྲུང་ལྷན་ཁང་གི་ལས་མི་བཅས་ཁྱོན་མྱུར་སྐྱོབ་པ་ ༤༨༠༠༠ ལྷག གནོད་ཐེབས་ས་ཁུལ་ཁག་ ༡༠༠ ལྷག་ཏུ་ཆེད་གཏོང་བྱས་ཡོད། ཅེས་བརྗོད་འདུག

ཡུལ་དེའི་ཞིང་ཆེན་མང་པོའི་ནང་ཆུ་ལོག་ས་ཉིལ་སོགས་ཀྱི་རང་བྱུང་གོད་ཆག་ཤུགས་ཆེན་བྱུང་བཞིན་ཡོད་པར་བརྟེན། རྒྱལ་ཡོངས་ཀྱི་ཚོང་འགྲིལ་ཆེ་ཁག་གནས་སྐབས་མཚམས་བཞག་ཡོད་པ་དང་། དེ་བཞིན། སློབ་གྲྭ་དང་ཚོང་ཁང་ཕལ་མོ་ཆེའི་སྒོ་བརྒྱབས་ཡོད་འདུག གནམ་གཤིས་ཀྱི་རྐྱེན་གྱིས་ཛ་དྲག་མྱུར་སྐྱོབ་ཚན་པ་དུས་ཐོག་ཡུལ་དངོས་སུ་བསླེབ་མ་ཐུབ་པའི་དཀའ་ངལ་སོགས་འཕྲད་བཞིན་ཡོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཉི་ཧོང་ནང་ལོ་རེར་ཕྱི་ཟླ་ ༦ པའི་མགོ་སྟོད་ནས་ཕྱི་ཟླ་ ༧ པའི་ཟླ་དཀྱིལ་བར་ཆར་དུས་འཁེལ་གྱི་ཡོད་པ་དང་། ད་ཐེངས་ཀྱི་དྲག་ཆར་འདི་ནི་ཉི་ཧོང་གི་ལོ་རྒྱུས་ནང་ཆེ་ཤོས་ཤིག་ཆགས་ཡོད་འདུག རྒྱལ་ཁབ་དེར་མེ་རི་འབར་གས་དང་ས་ཡོམ་གཉིས་ནི་རང་བྱུང་གི་གོད་ཆག་ཆེ་ཤོས་དེ་གཉིས་ཡིན་འདུག

ཝེ་ཀེ་རིག་མཛོད་ཀྱི་བསྡོམས་རྩིས་ལྟར་ན། ཕྱི་ལོ་ ༦༨༤ ནས་ཕྱི་ལོ་ ༢༠༡༨ ཟླ་ ༦ བར་ཉི་ཧོང་ནང་ཚད་རིམ་ ༦ ལ་བརྒལ་བའི་ས་ཡོམ་གྲངས་་༤༧ བྱུང་སྟེ། ཉུང་མཐར་མི་གྲངས་ ༣༨༠༠༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། དེ་བཞིན། ཉི་ཧོང་ནི་འཛམ་གླིང་ནང་མེ་རི་འབར་གས་བྱུང་ཡུལ་ཚབས་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། ད་ལྟའི་ཆར་ཉི་ཧོང་ནང་འབར་བའི་རང་བཞིན་ཅན་གྱི་མེ་རི་ ༡༡༠ ཡོད་པ་དང་། དེ་དག་ལ་ཡུལ་དེའི་གནམ་གཤིས་བརྟག་དཔྱད་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད། མེ་རི་ ༤༧ གྱི་འབར་གས་དུས་ཚོད་གཏན་འཁེལ་བྱུང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༧/༠༧

Leave a Reply

2 thoughts on “ཉི་ཧོང་ནང་རང་བྱུང་གོད་ཆག་ཆེན་པོ་བྱུང་།

 1. གཞུང་པ་ཚེ་དབང་བསོད་ནམས་་ཉེh

  ས་ཆུ་མེ་རླུང་འབྱུང་བཞིའི་ནུས་པའི་འོག་།
  འཇིག་རྟེན་ཧྲིལ་པོ་འཇིག་པའི་འོག་ཏུ་འཚོ་།
  འཇིག་རྟེན་མི་གིས་འདོད་ཧམ་བྱེད་ལས་འོག་།
  འབྱུང་བ་འཁྲུགས་ནས་འབྱུང་བའི་གནོད་འཚེ་མང་།
  འབྱུང་བཞིའི་ལྷ་མོ་རྟག་ཏུ་མཆོད་ན་དགའ་།