ཐའེ་ལན་ཌིའི་བྱིས་པ་ ༧ བྲག་ཕུག་ནས་ཕྱིར་བཏོན།

བྲག་ཕུག་ནང་དུ་ལྷག་པའི་ཐའེ་ལན་ཌིའི་རྐང་སྤོལ་རྩེད་མོ་བ་ ༧ སྐྱོབ་ཐུབ་ཡོད་པ་དང་འཛམ་གླིང་རྐང་སྤོལ་གསེར་གྱི་རྟགས་མའི་རྩེད་འགྲན་གྱི་ཉིན་མཐའ་མའི་མཛད་སྒོའི་ཐོག་རྐང་སྤོལ་རྩེད་མོ་བ་དེ་དག་མགྲོན་འབོད་བྱས་འདུག

ཁ་སང་རྒྱལ་སྤྱིའི་སྐད་གྲགས་ཅན་བྲག་འཛེགས་ཁྱད་ལས་པ་ ༥༠ དང་ཐའེ་ལན་ཌིའི་བྲག་འཛེགས་པ་ ༤༠ བཅས་ཁྱོན་མི་ ༡༠༠༠ ལྷག་གི་རོགས་རམ་འོག ཟླ་སྔོན་མའི་ཕྱི་ཚེས་ ༢༣ ནས་བཟུང་བྲག་ཕུག་ནང་ཚུད་པའི་ཐའེ་ལན་ཌིའི་རྐང་སྤོལ་རྩེད་མོ་བ་ ༡༣ ལས་རྩེད་མོ་བ་ ༤ ཁ་སང་བདེ་ཐང་ངང་བྲག་ཕུག་ནས་ཕྱིར་འདོན་ཐུབ་ཡོད་པ་དང་། དེ་རིང་ཡང་བྱིས་པ་གསུམ་སྔ་གཞུག་ཏུ་སྐྱོབ་ཐུབ་ཡོད་འདུག

ཆར་ཤུགས་ཆུང་བའི་གོ་སྐབས་དང་བསྟུན་ནས་མྱུར་སྐྱོབ་ཚན་པས་གཞན་རྣམས་ཀྱང་སྐྱོབ་བཞིན་ཡོད་པ་དང་། ད་ལྟ་བྲག་ཕུག་ནང་ལོ་ན ༡༡ ནས་ ༡༦ བར་ཡིན་པའི་བྱིས་པ་ ༥ དང་། ལོ་ ༢༥ ཡིན་པའི་ཁོང་ཚོའི་རྐང་སྤོལ་དགེ་རྒན་བཅས་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་སྲིད་བློན་རྗོ་ལེ་བྷེ་ཤོབ་ (Julie Bishop) མཆོག་གིས་དེ་རིང་སྔ་དྲོར་བྱིས་པ་ཚོ་སྐྱོབ་ཐེངས་ ༤ བྱས་ནས་སྐྱོབ་ཀྱི་ཡོད་སྐོར་བརྗོད་འདུག་ལ། མྱུར་སྐྱོབ་ཚན་པས་བྲག་ཕུག་ནང་སྦུ་གུ་སྟོང་ཕྲག་འགའ་སྤྱད་ནས་ཆུ་ཕྱིར་འདྲེན་ཐབས་བྱེད་བཞིན་ཡོད་ན་ཡང་། ཆར་བ་མུ་མཐུད་འབབ་བཞིན་ཡོད་པས་བསྐྱར་དུ་ཁེངས་ཡོང་གི་ཡོད་འདུག

ཐའེ་ལན་ཌིའི་ནང་སྲིད་བློན་ཆེན་ཨ་ནུ་ཕོན་པའོ་ཇིན་རྡ་(Anupong Paojinda) ཡིས། གཟའ་ཉི་མར་བསྐྱབས་པའི་བྱིས་པ་ཚོ་བདེ་ཐང་ཡིན་པ་དང་། ད་དུང་སོ་སོའི་ཕ་མར་ཐུག་འཕྲད་བྱུང་མེད་པ་མ་ཟད། སུ་དང་སུ་བསྐྱབས་ཡོད་མེད་ཀྱང་ཤེས་ཀྱི་མེད་པར་ཞིབ་ཕྲའི་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་སྐོར་བརྗོད་འདུག མྱུར་སྐྱོབ་ཚན་པས་བྲག་ཕུག་ནང་བྱིས་པ་ཚོར་ཟ་མ་དང་དབྱང་རླུང་སོགས་ཐབས་བརྒྱ་བྱུས་སྟོང་གིས་མཁོ་སྤྲོད་བྱེད་ཀྱི་ཡོད་ན་ཡང་། གནད་དོན་དབྱེ་ཞིབ་པ་ཚོས་ཉིན་ ༡༦ ཙམ་རིང་བྱིས་པ་ཚོར་གློག་སོགས་ཀྱི་མཐུན་རྐྱེན་གང་ཡང་མེད་ཁར། ཕ་མ་ཚོ་དང་ཐུག་འཕྲད་མ་བྱུང་བའི་རྐྱེན་གྱིས་ལུས་སེམས་གཉིས་ལ་དཀའ་ངལ་འཕྲད་བཞིན་ཡོད་སྐོར་བརྗོད་ཀྱི་འདུག

ཟླ་འདིའི་ཕྱི་ཚེས་ ༥  ཉིན། རང་ལོ་ ༣༨ ཡིན་པའི་མཚོ་དམག་དམིགས་བསལ་ཁྱད་ལས་དང་བླངས་བ་ཞིག་གིས། བྱིས་པ་ཚོར་དབྱང་དབུགས་སྤྲད་དེ་ཕྱིར་ལོག་ཡོང་སྐབས་ལམ་བར་ནས་ཁོང་གི་དབྱང་དབུགས་རྫོགས་ནས་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། སྤྱི་ཚོགས་དྲ་ལམ་ཁག་ན་ཁྱད་ལས་པ་ཞིག་བྲག་ཕུག་ནས་ལས་སླ་པོ་ཕྱིར་འབུད་ཐུབ་ཀྱི་མེད་ན་བྱིས་པ་ཚོ་ཕྱིར་འབུད་རྒྱུ་དེ་ལས་ཁག་པོ་ཡིན་སྐོར་བརྗོད་ཀྱི་ཡོད་པ་དང་། ཡུལ་དེར་ཆར་དུས་མགོ་ཚུགས་ཡོད་རྐྱེན་བྲག་ཕུག་གི་མཚམས་ལ་ལར་ཆར་ཆུ་དང་འདམ་གྱིས་ཁེངས་ཡོད་པ་མ་ཟད། སྐབས་རེར་བྲག་ཕུག་ཧ་ཅང་དོག་པས་མི་གཅིག་རེ་ལས་ཤོང་གི་མེད་འདུག

ཐའེ་ལན་ཌིའི་རྐང་སྤོལ་རྩེད་མོ་བའི་གནས་ཚུལ་འདི་ནི་ཟླ་འདིའི་ནང་གི་རྒྱལ་སྤྱིའི་གསར་འགྱུར་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། འཛམ་གླིང་རྐང་སྤོལ་གསེར་གྱི་རྟགས་མའི་རྩེད་འགྲན་གོ་སྒྲིག་ཚོགས་པའི་ཚོགས་གཙོས་རྩེད་འགྲན་གྱི་ཉིན་མཐའ་མ་སྟེ། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཐའེ་ལན་ཌིའི་རྐང་སྤོལ་རུ་ཁག་དེ་མཇུག་བསྡོམས་མཛད་སྒོའི་ཐོག་མགྲོན་འབོད་བྱས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༧/༡༠

Leave a Reply

One thought on “ཐའེ་ལན་ཌིའི་བྱིས་པ་ ༧ བྲག་ཕུག་ནས་ཕྱིར་བཏོན།

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེh

    ཨ་ཁ་ན་གཞོན་དེ་ཚོའི་ཚེ་སྲོག་ལ་བར་ཆད་མ་ཕོག་པ་ཤོག་
    ཨོམ་ཏ་རེ་ཏུ་ཏ་རེ་ཏུ་རེ་སོ་ཧ་་་་ཚེ་ཡིས་བར་ཆད་སེལ་
    བ་མཛོད་ཅིག་།