ཉི་ཧོང་གི་རང་བྱུང་གོད་ཆག་ལ་ཐུགས་སྨོན་གསུང་འཕྲིན་བསྩལ།

ཉི་ཧོང་ནང་ཆུ་ལོག་གོད་ཆག་བྱུང་སྟེ་ཉུང་མཐར་མི་གྲངས་ ༡༢༦ ལྷག་རྐྱེན་འདས་སུ་ཕྱིན་ཏེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཐེབས་པ་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་བསྩལ།ཟླ་འདིའི་ཕྱི་ཚེས་ ༧ ཉིན་ནས་བཟུང་ཉི་ཧོང་ནང་ཉིན་འགའ་བསྟུད་མར་དྲག་ཆར་བབས་ཏེ། ཡུལ་དེའི་ཤར་ནུབ་གཉིས་ཀྱི་ཞིང་ཆེན་ ༨ ཀྱི་གྲོང་ཁྱེར་ཁག་ནང་ཆར་ཆུ་ཤུགས་ཆེན་རྒྱས་པར་བརྟེན། ཆུ་ལོག་དང་ས་ཉིལ་སོགས་ཀྱི་གོད་ཆག་ཆེན་པོ་བྱུང་སྟེ། ད་ལྟའི་བར་ཉུང་མཐར་མི་གྲངས་ ༡༢༦ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་མང་པོ་གར་སོང་ཆ་མེད། སྡོད་ཁང་སོགས་རྒྱུ་ནོར་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པ་དང་། ཡུལ་མི་ས་ཡ་ ༢ ལྷག་ཛ་དྲག་ངང་གནས་སྤོར་དགོས་པའི་གནས་སྟངས་ཆགས་ཡོད་སྟབས། ཁ་སང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་གི་མཚན་ཐོག་ཏུ་ཡུལ་དེར་རང་བྱུང་གོད་ཆག་བྱུང་བར་ཐུགས་ཕམ་ཆེན་པོ་བྱུང་ཞེས་གསུང་འཕྲིན་ཞིག་བསྩལ་གནང་འདུག

དེ་ཡང་གསུང་འཕྲིན་ནང་ཐེངས་འདིར་འབྱུང་བའི་གོད་ཆག་བྱུང་ནས་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་བར་བློ་ཕམ་ཆེན་པོ་བྱུང་བ་དང་། ངོས་རང་ཧི་རོ་ཤི་མཱ་ས་གནས་སུ་ཐེངས་མང་ཕེབས་མྱོང་པས་རྐྱེན་འདས་སུ་ཕྱིན་པའི་ནང་མི་ཤུལ་ལུས་ཚོར་བཅོས་མིན་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། སྲིད་གཞུང་གིས་དཀའ་ངལ་འཕྲད་བཞིན་པ་དག་ལ་ཉེན་སྐྱོབ་དང་ངལ་སེལ་རོཊ་སྐྱོར་གནང་བཞིན་པར་བསྔགས་བརྗོད་ཞུ་བ་དང་སྦྲགས། ལས་དོན་ཚགས་ཚུད་ཡོང་བའི་སྨོན་འདུན་ཞུ་གི་ཡོད། ཅེས་གསུངས་འདུག

ཡང་གསུང་འཕྲིན་ནང་། ངོས་རང་ཉི་ཧོང་ནང་ཕེབས་པའི་སྐབས་སུ་དམངས་ཁྲོད་དུ་གཞི་རིམ་གྱི་རིན་ཐང་ལྡན་པའི་བྱམས་སྙིང་རྗེ་དང་། ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་ངང་གནས་ཡོད་པའི་ས་ཁུལ་དེར་འབྱུང་བའི་གོད་ཆག་བྱུང་བར་ཐུགས་ཕམ་བྱུང་། མཐའ་དོན་དཀའ་ངལ་ནང་ཚུད་པ་ཁྱེད་རང་ཚང་མས་ཤེས་རབ་རྙིང་པོའི་གཟུངས་བསྔགས་གང་མང་འདོན་ཐུབ་ན་དགེ་མཚན་ཡོད་པ་རེད། ཅེས་གསུངས་འདུག

ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་མཆོག་ཕྱིའི་རྒྱལ་ཁབ་ཁག་ཏུ་རྒྱལ་དོན་སྐོར་སྐྱོད་དུ་ཕེབས་གཏན་འཁེལ་ཡོད་ཀྱང་། ཡུལ་དེའི་ནང་རང་བྱུང་གོད་ཆག་ཆེན་པོ་བྱུང་རྗེས་ཁོང་ཡུལ་དངོས་སུ་ཕེབས་ཏེ་མི་མང་ལ་སེམས་གསོ་དང་ཉེན་སྐྱོབ་རུ་ཁག་གི་ལས་དོན་ལ་བཀོད་འདོམས་གནང་གི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༡༠

Leave a Reply