ལོའུ་ཞཱ་ལ་རང་བཙན་ཐོབ།

རྒྱ་ནག་གཞུང་གིས་ངེས་མེད་བཀག་སྐྱིལ་འོག་བཞག་སྟེ་ལོ་ངོ་ ༨ ཙམ་འགྲོ་བཞིན་ཡོད་པའི་ལོའུ་ཞཱ་ལགས་ལ་ཕྱི་སྐྱོད་ཐོངས་མཆན་ཐོབ་སྟེ་དེ་རིང་སྔ་དྲོ་པེ་ཅིན་གྱི་ཆུ་ཚོད་ ༡༡།༣༠ ཐོག་འཇར་མན་དུ་ཕྱིན་ཡོད་འདུག

རྒྱལ་སྤྱིའི་གསར་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་དམ་པ་ལོའུ་ཞའོ་པོ་ལགས་ཀྱི་བཟའ་ཟླ་ལོའུ་ཞཱ་ལགས་དེ་རིང་སྔ་དྲོ་པེ་ཅིན་གྱི་ཆུ་ཚོད་ ༡༡།༣༠ ཐོག་མཁའ་ལམ་བརྒྱུད་འཇར་མན་ནང་ཕྱིན་ཡོད་པ་དང་། ད་ལྟའི་ཆར་མོ་འཇར་མན་ནང་གཏན་སྡོད་བྱ་རྒྱུ་ཡིན་མིན་སོགས་ཀྱི་གནས་ཚུལ་གསལ་ཁ་མི་འདུག

འཇར་མན་ནང་གནས་སྡོད་ལོའུ་ཞཱ་ཡི་གྲོགས་པོ་རྒྱ་རིགས་རྩོམ་པ་པོ་ལེའོ་ཡེ་ཝོ་ (Liao Yiwu) ཡིས་ཉིན་རེའི་ཀུ་ཤུ་ (Apple Daily) གསར་ཁང་དུ་བརྗོད་པ་ལྟར་ན། ཁ་སང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆཱང་ (Li Keqiang) འཇན་མན་ལ་ཚོང་དོན་སྐོར་སྐྱོད་ཆེད་བསླེབས་པ་དང་བསྟུན། འཇར་མན་སྲིད་བློན་ཨེན་ཇིལ་མཱར་ཁིལ་ (Angela Merkel) མཆོག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། དམ་པ་ལོའུ་ཞའོ་པོ་ལགས་ཀྱི་བཟའ་ཟླ་ལོའུ་ཞཱ་ལགས་ཀྱི་ཛ་དྲག་གནས་སྟངས་སྐོར་ལ་གླེང་སློང་བྱུང་སྟེ། ལོའུ་ཞཱ་ལགས་འཇར་མན་དུ་འགྲོ་བའི་ཐོངས་མཆན་ཐོབ་པ་ཞིག་ཡིན་སྲིད་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་རྩོམ་པ་པོ་ལེའོ་ཡེ་ཝོ་ (Liao Yiwu) ལགས་ཀྱིས། ཁ་པར་གྱི་ལམ་ནས་གྲོགས་མོ་ལོའུ་ཞཱ་ལགས་དང་ཁ་བརྡ་བྱས་པའི་སྐར་མ་ ༡༦ ཅན་གྱི་སྒྲ་ཞིག་ཡོངས་བསྒྲགས་བྱས་ཡོད་པ་དང་། དེའི་ནང་དུ་ལོའུ་ཞཱ་ལགས་ཀྱིས། ད་ང་སྐྲག་དགོས་ས་གཅིག་ཀྱང་ལྷག་མེད། གལ་ཏེ་ང་མ་གཏང་ན། ང་ཤི་ཡིན། ལིའུ་ཞའོ་པོ་ནི་གྲོངས་ཚར་བ་རེད། ད་ལྟ་འཛམ་གླིང་འདི་རུ་ང་ལ་གཅིག་ཀྱང་ལྷག་མེད། གསོན་པ་ལས་ཤི་ན་སླ་བ་འདུག ང་ལ་མཚོན་ན་རང་ཉིད་ཀྱི་ཚེ་སྲོག་བློས་བཏང་སྟེ་ངོ་རྒོལ་བྱེད་པ་ལས་ལས་སླ་བ་གཅིག་ཀྱང་མི་འདུག ཅེས་ངུ་ཞོར་དུ་རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་གཞུང་གིས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དམ་པ་ལོའུ་ཞའོ་པོ་ལགས་འཛིན་བཟུང་བཙོན་འཇུག་བྱས་པ་ནས་བཟུང་། ཁོང་གི་བཟའ་ཟླ་ལོའུ་ཞཱ་ལགས་ཀྱང་རྒྱ་ནག་གཞུང་གིས་རང་ཁྱིམ་དུ་བཀག་སྐྱིལ་བྱས་ཏེ་བཟང་བཙོན་དུ་བཅུག་ཡོད་པ་རེད། ཉེས་མེད་བཀག་སྐྱིལ་འོག་བཞག་སྟེ་ལོ་ངོ་ ༨ ཙམ་ཕྱིན་པའི་རིང་ལོའུ་ཞཱ་ལགས་ཀྱི་ཕ་མ་གཉིས་འདས་གྲོངས་སུ་ཕྱིན་ཡོད་པ་དང། མོ་རང་ཡང་སྙིང་ནད་ཀྱིས་ཐེངས་གཉིས་ཙམ་ལ་སྨན་ཁང་དུ་ཕྱིན་དགོས་བྱུང་ཡོད་འདུག ན་ནིང་ཕྱི་ཟླ་ ༦ པའི་ནང་ལོའུ་ཞའོ་པོ་ལགས་ལ་བཅོས་དཀའ་བའི་མཆིན་པའི་སྐྲན་ནད་ཕོག་ཡོད་པའི་གནས་ཚུལ་གློ་བུར་དུ་ཕྱིར་བསྒྲགས་བྱས་ཏེ། བཟའ་ཟླ་ལོའུ་ཞཱ་ལགས་སྨན་ཁང་དུ་ཕྱིན་ནས་ཁོང་ལ་ནད་གཡོག་བྱེད་པའི་ཆེས་མཐའ་མཇུག་གི་གོ་སྐབས་ཐོབ་ཡོད་ཀྱང་། ཡུན་རིང་མ་འགོར་བར་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་ལོའུ་ཞའོ་པོ་ལགས་སྐུ་གྲོངས་ཡོད་པ་དང་། ལོའུ་ཞཱ་མུ་མཐུད་བཀག་སྐྱིལ་འོག་བཞག་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༧/༡༠

Leave a Reply

One thought on “ལོའུ་ཞཱ་ལ་རང་བཙན་ཐོབ།