རྫ་ཆུ་ཁའི་གྲྭ་ཆུང་ཚོ་དགོན་པ་ནས་ཕྱིར་འཕུད་བཏང་།

རྫ་ཆུ་ཁའི་དགོན་པ་རྣམས་ཀྱི་གྲྭ་ཆུང་རང་ལོ་ ༡༥ མ་སོན་པ་རྣམས་བཙན་གྱིས་དགོན་པ་ནས་ཕྱིར་འཕུད་བཏང་སྟེ་གཞུང་གཉེར་སློབ་གྲྭར་འགྲོ་དགོས་པའི་བཀའ་རྒྱ་བཏང་འདུགདེ་རིང་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་རྫ་ཆུ་ཁ་རྫོང་ཁོངས་སུ་ཡོད་པའི་དགོན་པ་མང་པོ་ཞིག་གི་རང་ལོ་ ༡༥ མན་གྱི་གྲྭ་ཆུང་རྣམས་བཙན་ཐབས་ཀྱིས་རྒྱ་ནག་གཞུང་གཉེར་སློབ་གྲྭ་ཁག་ནང་འགྲོ་དགོས་པའི་བཀའ་རྒྱ་བཏང་སྟེ དགོན་པ་ནས་ཕྱིར་འཕུད་བཏང་ཡོད་པ་དང་། གལ་ཏེ་གྲྭ་ཆུང་རྣམས་སློབ་གྲྭའི་ནང་མ་སོང་བ་ཡིན་ན་དགོན་པ་སྒོ་བརྒྱབ་སྟེ། དགོན་པའི་བླ་མ་དང་ལས་སྣེ། དགེ་རྒན་དང་ཕ་མ་སོགས་ཚང་མར་ཁྲིམས་ཆད་གཅོད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

འདི་གའི་གསར་འགོད་པས་འབྲེལ་ཡོད་ཁག་ཅིག་ལ་དེའི་སྐོར་སྐད་ཆ་འདྲི་སྐབས་བོད་མི་ཞིག་གིས། ངའི་ཕ་ཡུལ་དུ་རང་ལོ་ ༡༥ མན་གྱི་གྲྭ་ཕྲུག་ ༢༠ ལྷག་ཅིག་དགོན་པར་ཞུགས་པའི་ལོ་ཚད་རན་མེད་སྐོར་བརྗོད་དེ། གྲྭ་ཕྲུག་དེ་ཚོ་གཞུང་གཉེར་སློབ་གྲྭར་བཙན་གྱིས་གཏོང་བཅུག་ཡོད་པ་དང་། གྲྭ་ཕྲུག་ཁག་ཅིག་ཚད་མ་རིག་པ་སོགས་ལ་སློབ་གཉེར་བྱས་ཏེ་སློབ་སྦྱོང་གི་གནས་ཚད་ཧ་ཅང་ཡག་པོ་ཆགས་ཡོད་ན་ཡང་། གཞུང་གིས་བཙན་ཐབས་ཀྱིས་དགོན་པ་དང་ཁ་བྲལ་བཅུག་ཡོད་སྟབས། གྲྭ་ཕྲུག་ཚོའི་ནང་མི་མང་པོ་ཞིག་བློ་ཕམ་ཆེན་པོ་སྐྱེས་ཀྱི་འདུག ཅེས་བརྗོད་བྱུང་།

སྤྱི་ཚོགས་དྲ་ལམ་དུ་བཀྲམ་པའི་དེའི་སྐོར་གྱི་གནས་ཚུལ་ཞིག་གི་ནང་། བཙན་ཁྲིམས་དམར་བོའི་འོག་ནས་དེ་རིང་གི་གནས་ཚུལ། ངོ་མ་ཤི་ན་འདོད། ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་༧ པའི་ཚེས ༡༠ ཉིན་རྫ་སེར་ཤུལ་དགོན་ནས་གྲྭ་ཆུང་༢༠༠ ལྷག་ཙམ་ཞིག་རྒྱལ་ཁབ་ཀྱིས་བཙན་ཁྲིད་བྱས་ཏེ། དགོན་པར་ཞུགས་མ་བཅུག་པར་གཞུང་བཙུགས་སློབ་གྲྭར་མ་ཞུགས་ཐབས་མེད་ཀྱི་བཀའ་བཏང་སྟབས། གྲྭ་ཆུང་རྣམས་གདོང་མཆི་མས་གང་ནས་མི་འདོད་བཞིན་དུ་སྐྱ་ཆས་གྱོན་ནས་གཞུང་བཙུགས་སློབ་གྲྭར་འགྲོ་དགོས་ཐུག་བྱུང་། དེ་ནི་ཧ་ཅང་སེམས་ཕམ་དགོས་པའི་གནས་ཚུལ་ཞིག་རེད། ཅེས་བརྗོད་འདུག

ཡང་ཡི་གེ་དེའི་ནང་། ཁོ་ཚོས་བཤད་རྒྱུར་གལ་ཏེ་གྲྭ་ཆུང་རྣམས་སློབ་གྲྭར་མ་གཏང་ན་དགོན་པ་ཆོས་སྒོ་བརྒྱབ་པ་དང་དགོན་པའི་བླ་མ་དང་ལས་སྣེ་དགེ་རྒན་ཙམ་མ་ཟད། ཕ་མ་སོགས་ལའང་ཁྲིམས་ཆད་དང་ཉེས་ཆད་ནན་མོ་ཡོད་ཅེས་བཟོད་ཐབས་བྲལ་བའི་སྐད་ཆ་ཚད་མེད་བཤད་དེ།   ཁོང་རྣམ་པས་ཀྱང་རང་དགོན་ནས་གྲྭ་ཆུང་རྣམས་གཞུང་བཙུགས་སློབ་གྲྭར་མངགས་དགོས་ཐུག་བྱུང་བས། ཡོད་ཚད་ལ་སྡུག་བསྔལ་དང་གདུང་ཡུས་དཔག་མེད་བྱུང་ནས་མིག་མཐའ་མཆི་མས་གང་བ་ལས་ཐབས་མེད་སོང་།   རྫ་ཆུ་ཁའི་དགོན་པ་གཞན་རྣམས་ལའང་ལས་འགུལ་དེ་ལྟར་བྱས་པའི་ད་ལྟ་གྲྭ་ཆུང་སྟོང་ཕྲག་མང་པོ་བཙན་གྱིས་སློབ་གྲྭར་འཁྲིད་བཞིན་པའི་སྐབས་རེད།   འདིའི་དམིགས་འདུན་གཙོ་བོ་ནི་ནང་ཆོས་འདི་དང་དགོན་སྡེ་འདི་མི་རིགས་ཀྱི་རྩ་བ་དང་རིག་གནས་ཀྱི་འབྱུང་ཁུངས་ཡིན་པས།   དེ་མེད་པར་བྱས་ན་མི་རིགས་རིག་གནས་དང་བཅས་པ་རང་བཞིན་གྱིས་མེད་འགྲོ་བའི་རྒྱུ་མཚན་གྱིས་དེ་ལྟར་བྱེད་པ་རེད། འདི་ནི་ཆོས་དད་རང་དབང་མེད་པའི་རྟགས་ཤིག་ཅི་ལ་མིན། ཞེས་བརྗོད་འདུག

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ལས་འགུལ་དེ་ད་ལོའི་ཕྱི་ཟླ་ ༥ པའི་ཟླ་མཇུག་ཙམ་ནས་སྤེལ་མགོ་བཙུགས་ཡོད་པ་དང་། ལས་འགུལ་དེ་རྫ་ཆུ་ཁའི་དགོན་པ་གཅིག་གཉིས་ཙམ་མ་ཡིན་པར་ཚང་མའི་ནང་ལག་བསྟར་བྱེད་བཞིན་ཡོད་པ་དང་། སྤྱིར་ན་ལས་འགུལ་དེ་ཕྱི་ལོ་ ༢༠༠༨ ལོ་ཙམ་ནས་བཟུང་རང་ལོ་ ༡༥ མ་སོན་པའི་བྱིས་པ་རྣམས་གྲྭ་པ་བྱེད་མི་ཆོག་པའི་སྒྲིག་གཞི་ཞིག་བོད་ས་སྟོད་སྨད་བར་གསུམ་དུ་ལག་བསྟར་བྱེད་མགོ་བཙུགས་ཡོད་པ་མ་ཟད། གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་གཙོ་བོར་གྱུར་བའི་བོད་ཁུལ་གྱི་དགོན་སྡེ་མང་པོ་ནས་གྲྭ་ཆུང་སྟོང་ཕྲག་མང་པོ་བཙན་གྱིས་གཞུང་གཉེར་སློབ་གྲྭར་བཅུག་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༡༢

Leave a Reply

One thought on “རྫ་ཆུ་ཁའི་གྲྭ་ཆུང་ཚོ་དགོན་པ་ནས་ཕྱིར་འཕུད་བཏང་།

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེh

    རྒྱལ་ཁབ་ཀྱིས་རྩ་ཁྲིམས་ལ་འགན་འཁུར་དགོས་པ་ནི་
    ཡུལ་མིའི་ལས་འགན་ཆེ་བཤོས་དེ་ཡིན་པ་དང་རྩ་ཁྲིམས་
    དང་འགལ་བའི་བྱ་སྤྱོད་ག་འདྲ་ཞིག་སྲིད་གཞུང་ནས་སྤེལ་
    ཡང་དེ་ནི་ཁྲིམས་འགལ་ལ་འཛམ་གླིང་མི་མང་ནས་ངོས་འཛིན་
    བྱེད་ཆོག་པ་ཞིག་ཀྱང་ལོས་ཡིན་།