ངན་པའི་སྟོབས་ཤུགས་ ༡༢ དང་ངན་རོཊ་ ༢༥ ལ་རྡུང་རྡེག་གཏང་རྒྱུ་ཡིན།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༩ ལོོ་མཇུག་བར་དུ་རྒྱལ་ཡོངས་ནང་ནག་འཛོམས་ངན་སེལ་ཆེད་དོན་འཐབ་འཛིང་ལྟ་སྐུལ་འཁྲོད་སྟོན་གྱི་ལས་གཞི་སྤེལ་རྒྱུ་ཡིན་འདུགདེ་རིང་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་དུ་ཐོན་པའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཞིང་ཆེན་དང་ས་ཁུལ། རྫོང་དང་གྲོང་ཁྱེར་རིམ་པའི་ནང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་འཛིང་ལྟ་སྐུལ་འཁྲིད་སྟོན་ཚོ་ཆུང་ཟེར་བའི་ཚོགས་པ་ཆེད་འཛུགས་བྱས་ཏེ། ཕྱི་ལོ་ ༢༠༡༩ ལོའི་ལོ་མཇུག་ཏུ་འཁྲིད་སྟོན་སྦྱོང་བརྡར་གྱིས་ཡོངས་སུ་སྙོབ་ཐུབ་པ་དགོས་ཀྱི་ཡོད་འདུག

འཆར་གཞི་ལྟར་ན། ད་ལོའི་ཕྱི་ཟླ་ ༧ ནས་མགོ་འཛུགས་ཀྱིས་སྐོར་ཐེངས་གསུམ་དུ་བགོས་ཡོད་པ་དང་། སྐོར་ཐེངས་རེ་རེས་དུས་ཡུན་ཟླ་གཅིག་རིང་ཞིང་ཆེན་དང་ས་ཁུལ། གྲོང་ཁྱེར་ ༡༠ ཡས་མས་ནང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་འཛིང་ཟེར་བ་ཇི་ལྟར་བྱ་དགོས་པའི་སྐོར་འཁྲིད་སྟོན་སྦྱོང་བརྡར་སྤྲོད་རྒྱུ་ཡིན་ལ། ད་ལོར་ཧོ་པེ་དང་ཧྲན་ཞི། ལིའོ་ལིན། ཧྥུ་ཅན། ཧྲན་ཏུང་། ཧོ་ནན། ཀོང་ཏུང་། ཁྲུང་ཆིང་། སི་ཁྲོན་བཅས་ཞིང་ཆེན་བཅུ་ཡི་ནང་ལྟ་སྐུལ་འཁྲིད་སྟོན་ཐེངས་དང་པོ་བྱ་རྒྱུ་ཡིན་འདུག

ཉེ་སྔོན་ཕྱི་ཟླ་ ༦ ཚེས་༢༠ ཉིན་རྒྱ་ནག་པེ་ཅིང་དུ་ནག་འཇོམས་ཁང་གི་མགོ་འཁྲིད་ཚོགས་འདུ་བསྡུས་ཡོད་པ་དང་། ཚོགས་འདུའི་ཐོག་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་དང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་འཛིང་ལྟ་སྐུལ་འཁྲིད་སྟོན་ཚོ་ཆུང་གི་མགོ་འཁྲིད་ཁྲེན་དབྱི་ཞིན་ཟེར་བ་ཞིག་གིས། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་འཛིང་སྤེལ་བའི་སྐོར་གྱི་བརྡ་ཐོ་སྦྱོར་བ་ལྟར། ནག་ཚོགས་དང་ངན་པའི་སྟོབས་ཤུགས་རིགས་ ༡༢ དང་ངན་རོགས་༢༥ ལ་རྡུང་རྡེག་གཙོ་བོར་གཏང་རྒྱུ་ཡིན་པ་དང་། ནག་འཇོམས་ངན་སེལ་གྱི་དངོས་ཡོད་འཐབ་འབྲས་ཀྱིས་མང་ཚོགས་ཀྱི་རེ་འདོད་ཡོངས་སུ་བསྐང་དགོས། ཞེས་བརྗོད་ཡོད་འདུག

སྤྱིར་ད་ལོར་དམར་ཤོག་ཚོགས་པའི་ཚོགས་ཆེན་སྐབས་ ༡༩ པ་ཚོགས་ཚུན་ནས་ནག་ཚོགས་ངན་འཇོམས་ཞེས་པའི་ལས་འགུལ་ཞིག་གྲངས་ཉུང་མི་རིགས་ཁག་གཙོ་བོར་བཟུང་བའི་ས་གནས་ཁག་ཅིག་ལ་སྤེལ་ཡོད་པ་དང་། ཐེངས་འདིར་ཚོགས་འཇོམས་ཚོགས་པ་ཞེས་ཚོགས་ཆུང་ཆེད་འཛུགས་ཀྱིས་རྩ་འཛུགས་ཡོད་པའི་ངང་ནས་ཁོ་ཚོའི་ངོས་འཛིན་བྱེད་བཞིན་པའི་ནག་ཚོགས་ཟེར་བ་དང་འཐབ་འཛིང་བྱ་རྒྱུ་ཡིན་པ་དང་། ནག་ཚོགས་དང་ངན་པར་འཕྲད་ཚེ་ཐེར་འདོན་བྱེད་ཕོད་དགོས་པ་དང་། ཅི་ཞིག་ལ་ནག་དང་ཅི་ཞིག་ལ་ངན་ཟེར་བ་རེད་ཅེས་ནག་ཚོགས་ངོས་འཛིན་བྱེད་ཐབས་ཀྱི་ཡི་གེ་དོན་ཚན་ ༡༢ ཅན་ཞིག་སྤེལ་ཡོད་པ་དང་། གལ་ཏེ་ནག་ཚོགས་ཡིན་པ་ངོས་འཛིན་ཐུབ་པ་ཡིན་ན། གཞུང་ལ་ཡར་ཞུ་བྱེད་སའི་ཞིང་ཆེན་ཁག་གི་ནག་འཇོམས་ཚོགས་པའི་ཁ་པར་ཨང་གྲངས་སོགས་ཚང་མ་མཁོ་སྤྲོད་བྱས་འདུག

ནག་ཚོགས་ངན་འཇོམས་ཞེས་པ་ནི་ཞི་ཅིན་ཕིན་གྱི་གཙང་སེལ་ལས་འགུལ་གཞི་རྩར་བཟུང་ནས་འདི་ལོ་ནས་ཕྱི་ལོ་ ༢༠༢༡ བར་སྤྱི་ཚོགས་ཁྲོད་ཀྱི་ནག་ཚོགས་འབུར་འཇོམས་གཏོང་དགོས་སྐོར་གྱི་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་བ་ལས་མགོ་བརྩམས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གིས་ནག་ཚོགས་ངན་འཇོམས་ཀྱི་དམིགས་གཏད་གཙོ་བོ་ཁ་བྲལ་རིང་ལུགས་པ་དང་། དྲག་སྤྱོད་རིང་ལུགས་པ། ཐལ་སྤྱོད་རིང་ལུགས་པ་བཅས་ཡིན་ལ། ལྷག་པར་དུ་ཁ་བྲལ་རིང་ལུགས་པ་ཚོར་ལས་འགུལ་འདིའི་ཁྲོད་ནས་གུ་ཡངས་གཅིག་ཀྱང་མེད་ཅེས་བརྗོད་ཡོད་པ་རེད། ལས་འགུལ་དེ་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་མཚོ་སྔོན་དང་སི་ཁྲོན། ཡུན་ནན་སོགས་ནང་སྤེལ་ཡོད་པ་དང་། ལྷ་སའི་ནག་ཚོགས་འབུར་འཇོམས་གསལ་བསྒྲགས་ནང་། ནག་ཚོགས་ཀྱི་དམིགས་གཏད་གཙོ་བོ་དེ་ཏྰ་ལའི་ཁ་བྲལ་ཤོག་ཁག་དང་ཏྰ་ལའི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན། དེ་བཞིན་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་བྱང་འོག་ནས་ལས་འགུལ་སྤེལ་མཁན་རིགས་ཡིན་སྐོར་བརྗོད་ཡོད་པ་རེད།

ཐེངས་འདིའི་ནག་ཚོགས་ངན་འཇོམས་ཀྱི་ལས་འགུལ་ཁྲོད་ནག་ཚོགས་ངོས་འཛིན་ཐབས་ཀྱི་ཡི་གེ་དོན་ཚན་ ༡༢ ཅན་གྱི་ནང་། གཅིག ཆབ་སྲིད་ཀྱི་བདེ་འཇགས་དང་ལྷག་པར་དུ་ལམ་ལུགས་ཀྱི་བདེ་འཇགས། སྲིད་དབང་གི་བདེ་འཇགས་ལ་གནོད་པ་དང་། དེ་མིན་ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་སིམ་འཛུལ་བྱེད་པའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

གཉིས། གཞི་རིམ་གྱི་སྲིད་དབང་བཟུང་ཞིང་། གཞི་རིམ་གྱི་སྐབས་བརྗེའི་འདེམས་བསྐོ་ལ་བཀོད་པ་དང་གཏོར་བཤིག་བཏང་བ། ཞིང་སྡེའི་ཐོན་ཁུངས་སྒེར་སྡེམ་བྱས་པ། ཐུན་མོང་གི་རྒྱུ་ནོར་ཧམ་ཟ་བྱས་པ་བཅས་ཀྱི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

གསུམ། ཁྱིམ་རྒྱུད་དང་ཆོས་ལུགས་ཀྱི་དྲག་ཤུགས་བེད་སྤྱད་བཏང་ནས་ཡུལ་ཚོར་ཁྲིམས་འགལ་ལུགས་དཀྲུག་དང་ཧམ་ཤེད་ཁུར་བ། མི་སེར་ལ་ཞན་ཐུབ་དང་གནོད་འཚེ་བཅས་བཏང་བའི་གྲོང་སྡེའི་དཔོན་ངན་སོགས་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

བཞི། ས་ཞིང་གཞུང་བསྡུ་དང་བོགས་གླ་གཏོང་བ། གནས་སྤོ་བ། ཨར་ལས་ལས་གཞི་བསྐྲུན་པ་སོགས་ཀྱི་བརྒྱུད་རིམ་དུ་ཟིང་འཁྲུག་བསླངས་པའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།
ལྔ། འཛུགས་སྐྲུན་ཨར་ལས་དང་འགྲིམ་འགྲུལ་སྐྱེལ་འདྲེན། གཏེར་ལས་ཐོན་ཁུངས། ཉ་ལས་འཛིན་བཟུང་སོགས་ཀྱི་ལས་རིགས་དང་ཁྱབ་ཁོངས་སུ། ཨར་ལས་བཙན་འགུགས་དང་བསམ་ངན་གྱིས་སུས་འཇོན་དེ་འགུགས་བྱས་པ། ཁྲིམས་འགལ་གྱིས་ས་བཟུང་བ། སྔོག་འདོན་གང་མོས་བཅས་བྱས་པའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

དྲུག ཚོང་ཁྲོམ་དང་སྡེབ་འཚོང་ཁྲོམ་ར། རླངས་འཁོར་འབབ་ཚུགས་དང་གྲུ་ཁ། ཡུལ་སྐོར་ལྗོངས་ཁུལ་སོགས་སུ་བརྙས་ལས་ཁྲོམ་སྡེམ་དང་བཙན་དབང་ཉོ་ཚོང་། སྲུང་སྐྱོབ་བཙན་དངུལ་བསྡུས་པའི་ཁྲོམ་དཔོན་དང་ལས་རིགས་ཀྱི་དཔོན་ངན་སོགས་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

བདུན། ཆགས་སྲེད་དང་རྒྱན་འགྱེད། དུག་བཅས་ཁྲིམས་འགལ་ཉེས་བསགས་བྱེད་སྒོ་ལ་བཀོད་པ་དང་ཚོང་གཉེར་བྱས་པའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

བརྒྱད། ཁྲིམས་འགལ་གྱིས་སྐྱེད་ཀ་མཐོ་བའི་དངུལ་བུན་བཏང་བ་དང་དྲག་སྤྱོད་ཀྱིས་བུ་ལོན་དེད་པ་སོགས་ཀྱི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

དགུ། དམངས་ཁྲོད་ཀྱི་འགལ་བར་ཞུགས་ཤིང་ལྐོག་ཏུ་ཁྲིམས་འཛིན་རུ་ཁག་རྫུན་མར་བྱས་པའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

བཅུ། དྲ་བའི་འཕྲིན་གཏོང་དཔུང་ཚོགས་སྒྲིག་འཛུགས་དང་གླས་ནས་དྲྭ་ཐོག་འཇིགས་སྐུལ་དང་སྡིགས་མོ། དམའ་འབེབས། སྐུར་འདེབས། སུན་བཟོ་བཅས་བྱས་པའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

བཅུ་གཅིག ཕྱི་ཕྱོགས་ཀྱི་ནག་ཚོགས་རྒྱལ་ནང་དུ་འཕེལ་རྒྱས་སིམ་འཛུལ་དང་རྒྱལ་ཁོངས་དང་ས་མཚམས་བརྒལ་བའི་ནག་ཚོགས་དང་ངན་པའི་སྟོབས་ཤུགས།

བཅུ་གཉིས། དུས་མཉམ་དུ་ནག་ཚོགས་དང་ངན་པའི་སྟོབས་ཤུགས་ལ་སྲུང་སྐྱོབ་བྱེད་མཁན་སེམས་ཐག་གཙང་བཅད་ཀྱིས་རྩད་ཆོད་པར་བྱ་རྒྱུ་བཅས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༡༡

Leave a Reply

3 thoughts on “ངན་པའི་སྟོབས་ཤུགས་ ༡༢ དང་ངན་རོཊ་ ༢༥ ལ་རྡུང་རྡེག་གཏང་རྒྱུ་ཡིན།

  1. ནག་ཚོགས་ཀྱི་དམིགས་གཏད་གཙོ་བོ་དེ་ཏྰ་ལའི་ཁ་བྲལ་ཤོག་ཁག་དང་ཏྰ་ལའི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན། དེ་བཞིན་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་བྱང་འོག་ནས་ལས་འགུལ་སྤེལ་མཁན་རིགས་ཡིན་སྐོར་བརྗོད་ཡོད་པ་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་་ཉེh

    མིང་ཚིག་དང་ཐ་སྙད་འདྲ་མིན་འོག་ནས་གྲངས་ཉུང་མི་
    རིགས་ལ་བསྡུང་འདེགས་གཏོང་རྒྱུའི་སྒྲིག་ཁྲིམས་ཇི་ཙམ་བཟོས་ཀྱང་
    ལུང་པའི་ནང་བདེ་འཇགས་ཡོང་རྒྱུའི་ཚབ་ཏུ་དེ་སྔ་ལས་ཟིངས་
    ཆ་ཆེ་བ་ལངས་སྲིད་པ་མ་རེད་དམ་།

  3. གཞུང་པ་ཚེ་དབང་བསོད་ནམས་་ཉེh

    ལུང་པ་ག་འདྲ་ཞིག་ཡིན་ཀྱང་ཁྲིམས་ཡོད་ན་ཡག་ལེ་རེད་
    དེ་མིན་ཁྲིམས་འགལ་དང་སྒྲིག་འགལ་གྱི་སྤྱི་ཚོགས་འཛམ་གླིང་
    གི་ལུང་པ་མང་པོའི་ནང་ང་ཚོའི་མཐོང་ཡུལ་དུ་ཡོད་པ་ནས་
    ཤེས་ཐུབ་།