དབུལ་སྒྲོལ་ལས་གཞི་དེ་རེའུ་མིག་སྐོང་ཐབས་ཙམ་ཆཊ་འདུག

ཞི་ཅིན་ཕིན་གཞུང་གི་དབུལ་སྐྱོར་འགག་སྒྲོལ་གྱི་ལས་གཞིར་ཕམ་ཉེས་ཆེན་པོ་བྱུང་འདུག་པས་རྒྱུ་རྐྱེན་ ༦ ལ་ངེས་པར་དུ་བསམ་ཞིབ་མ་བྱས་ཚེ་རེའུ་མིག་སྐོང་ཙམ་དང་ཁ་སྟོང་ནང་གི་ཚིག་སྟོང་རེད་ཟེར།ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་གཞུང་འབྲེལ་ཀྲུང་དབྱང་བརྙན་འཕྲིན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་རྒྱལ་ཡོངས་སུ་སྤེལ་བཞིན་པའི་དབུལ་སྐྱོར་འགག་སྒྲོལ་ལས་འགུལ་ཁྲོད། ས་ཆ་མང་པོར་དབུལ་སྐྱོར་འགག་སྒྲོལ་ནི་མགོ་འཁྲིད་ཚོས་རང་ཉིད་ཀྱི་ཁམས་མོས་ཙམ་ལས་མི་མང་གི་འདོད་བློ་ཁེངས་མིན་ལ་མི་ལྟ་བར། ཕྱི་ཚུལ་གྱི་རྣམ་པ་ཙམ་ལས་མང་ཚོགས་ཀྱི་དོན་དངོས་དཀའ་ངལ་སེལ་མིན་ལ་བསམ་བློ་མ་བཏང་བར་བརྟེན་ལས་གཞི་དེར་ཕམ་ཉེས་ཆེན་པོ་བྱུང་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གནས་ཚུལ་ནང་། དབུལ་སྐྱོར་འགག་སྒྲོལ་ལས་དོན་ཁྲོད་བྱུང་བའི་ཕྱི་ཚུལ་རིང་ལུགས་སྔོན་འགོག་མཐའ་གཅིག་ཏུ་བྱེད་རྒྱུ་དང་ དབུལ་སྐྱོར་ལས་དོན་དེ་ཁ་སྟོང་ཚིག་སྟོང་མིན་པར་བདེན་པ་བདེན་ཐུབ་བྱེད་དགོས་སྐོར་བརྗོད་འདུག རྒྱ་ནག་གཞུང་འབྲེལ་གསར་ཁང་ཞིག་གིས་རྒྱ་ནག་གཞུང་གི་ལས་འཆར་ཆེན་པོ་ཞིག་ལ་གྲུབ་འབྲས་མ་ཐོན་པར་བསྒྲགས་པ་ནི་ཧ་ཅང་མཐོང་ཐོས་དཀོན་པ་ཞིག་ཆགས་ཡོད་པ་དང་། ཐེངས་འདིའི་སྐྱོན་བརྗོད་ནང་དབུལ་སྒྲོལ་ལས་འགུལ་ལ་ཕམ་ཉེས་ཆེན་པོ་བྱུང་སྐོར་བརྗོད་པ་ཙམ་ལས་གང་དུ་འཐུས་ཤོར་དང་ཕམ་ཉེས་བྱུང་བ་སོགས་ཁ་གསལ་བརྗོད་མེད་པ་རེད།

རྒྱ་ནག་གཞུང་གི་མགོ་འཁྲིད་རིམ་པ་ནས་བརྒྱུད་དབུལ་སྒྲོལ་འགག་སྒྲོལ་ལས་འགུལ་ཞེས་པ་དེ་ས་བསྒྲགས་གནམ་བསྒྲགས་བྱས་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་སྲིད་སྟེགས་སུ་སླེབས་པ་ནས་དབུལ་སྒྲོལ་འགག་སྒྲོལ་ཞེས་པ་སྔར་ལས་སྤྱོད་ཤུགས་ཆེ་རུ་བཏང་ཡོད་པ་དང་། ཁོས་ཁ་དན་ཚིག་ལ་གནས་ནས་གྲུབ་འབྲས་ཐོབ་པ་བྱེད་དགོས། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུས་བཀག་བཞིན་དབུལ་སྒྲོལ་བྱ་རྒྱུ་དང་། རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་འབུད་རྒྱུ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་པོའི་གནད་དོན་ཐག་གཅོད་བྱ་རྒྱུ་བཅས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་མཐའ་ཚད་ཀྱི་ལས་འགན་ཞིག་ཡིན་ལ། ང་ཚོས་བཞག་པའི་གཟི་བརྗིད་ཆེ་བའི་དམ་བཅའ་ཡིན་སྐོར་བརྗོད་ཡོད་པ་རེད།

དབུལ་སྒྲོལ་འགག་སྒྲོལ་ཞེས་པའི་ལས་འགུལ་དེ་གྲངས་ཉུང་མི་རིགས་ཁག་གི་ནང་ཆབ་སྲིད་ཀྱི་ལག་ཆ་གལ་ཆེན་ཞིག་ཆགས་ཡོད་པ་དང་། ལྷག་པར་དུ་བོད་ཁུལ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགུལ་ལ་མཉམ་ཞུགས་དགོས་པར་བརྗོད་དེ། སྲིད་གཞུང་གིས་འབྲོག་པ་ཚོར་ཁང་པ་རེ་བརྒྱབ་ནས་སྒོ་ཕྱུག་མེད་པ་བཏང་བ་དང་ཞིང་བ་ཚོའི་ཞིང་སར་ཤིང་སྡོང་སོགས་འདེབས་འཛུགས་ཀྱིས་དབུལ་སྒྲོལ་ལས་གཞི་སྤེལ་གྱི་ཡོད་སྐོར་བསྒྲགས་ཏེ། རོང་འབྲོག་མང་ཚོགས་ལ་གཏན་ནས་གོམས་གཤིས་མེད་པའི་འཚོ་བ་རོལ་བཅུག་སྟེ་དཀའ་ངལ་ཆེན་པོ་སྤྲོད་བཞིན་ཡོད་པ་དང་། དེ་བཞིན་གྲངས་ཉུང་མི་རིགས་ཁག་གི་ཞིང་ཆེན་དང་ས་ཁུལ་རྫོང་རིམ་པ་མང་པོ་ཞིག་དབུལ་སྒྲོལ་ལས་ཐར་སོང་ཚུལ་དང་། དབུལ་སྒྲོལ་ལས་འགུལ་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་སྐོར་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད།

ཕྱི་ལོ་ ༢༠༡༧ ལོའི་རྒྱ་ནག་གཞུང་འབྲེལ་དབུལ་སྒྲོལ་ཡིག་ཆའི་ནང་སྲིད་འཛིན་ཞི་ཅིན་ཕིན་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་དུང་བརྡ་བསྒྲགས་པས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་པ་དང་། ཕྱི་ལོ་༢༠༡༣ ལོ་ནས་ ༢༠༡༦  བར་གྱི་ལོ་བཞིའི་རིང་ལོ་རེར་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་ ༡༠༠༠ ཉུང་དུ་ཕྱིན་ཡོད་པ་དང་།  མི་ཁྲི་ ༥༥༦༤ དབུལ་སྒྲོལ་ཐུབ་པ་དང་། ཕྱི་ལོ་ ༢༠༡༢ ལོའི་ལོ་མཇུག་བར་དབུལ་པོར་གྱུར་ཚད་ནི་བརྒྱ་ཆ་ ༡༠.༢ ཡིན་ན་ཡང་། ཕྱི་ལོ་ ༢༠༡༦ ལོའི་ལོ་མཇུག་ནས་མར་ཆགས་སྟེ་དབུལ་བོ་ཡིན་པའི་གྲངས་ཚད་བརྒྱ་ཆ་ ༤.༥ ཡིན་སྐོར་བསྒྲགས་་ཡོད་པ་རེད།

རྒྱ་ནག་ཉམས་ཞིབ་པ་ཚོས་རྒྱ་ནག་གི་མགོ་འཁྲིད་རིམ་པས་དབུལ་ཕུངས་དང་འཐབ་འཛིང་བྱེད་རྒྱུའི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་ན་ཡང་ལམ་ལྷོང་བྱུང་བ་གཅིག་ཀྱང་མེད་པ་དང་། རྒྱ་ནག་ནང་ལོ་རེར་ཉེས་ཁྲིམས་གྱོད་དོན་དང་བདེ་སྲུང་གྱོད་དོན། མི་མང་གི་ངོ་རྒོལ་ལས་འགུལ་སོགས་གྲངས་ཚོད་མི་ཟིན་པ་ཞིག་བྱུང་གི་ཡོད་པ་དང་། རྒྱ་ནག་གི་མཐོ་རིམ་མགོ་འཁྲིད་ཚོས་སྤྱི་ཚོགས་བདེ་འཇགས་མེད་པ་ནི་དབུལ་ཕྱུག་གི་དབར་ཁྱད་ཀྱིས་སྐྲུན་བཞིན་པར་འདོད་པ་ལས་དབང་ཆ་གཅིག་སྡུད་ཀྱི་གནད་དོན་ལ་བསམ་བློ་གཏོང་ཐུབ་ཀྱི་མེད་པ་དང་། ཕྱི་ལོ་ ༢༠༡༠ ལོའི་རྒྱ་ནག་གི་དཔལ་འབྱོར་ཉམས་ཞིབ་ལྟར་ན། རྒྱ་ནག་ཏུ་མ་དངུལ་དུང་ཕྱུར་བརྒལ་བའི་འབྱོར་ལྡན་པ་ ༢༩༣༢ ལྷག་ནི་དམར་ཤོག་མཐོ་རིམ་དཔོན་རིགས་ཀྱི་བུ་དང་བུ་མོ་ཚོ་ཡིན་པ་དང་། ཁོ་ཚོའི་རྒྱ་ནག་རྒྱལ་ཡོངས་ཀྱི་འབྱོེར་ལྡན་པའི་བརྒྱ་ཆ་ ༩༡ ཟིན་ཡོད་པས་དེ་ནི་ཧ་ཅང་དོ་མི་མཉམ་པའི་དབང་ཆ་དང་དཔལ་འབྱོར་སྒེར་འཛིན་གྱི་གནས་སྟངས་ཤིག་ཆགས་ཡོད་པས། སྲིད་དབང་གཅིག་སྡུད་ལམ་ལུགས་ཀྱི་འོག་རུལ་སུངས་ལ་རྒོལ་བའི་ལས་འགུལ་ལ་ལམ་ལྷོང་ཡོང་མི་སྲིད་སྐོར་བརྗོད་ཡོད་པ་རེད།

མརཊེན་ཀིང་ཝའེཊེ་(Martin King Whyte)ཡིས་བརྩམས་པའི་རྒྱ་ནག་ལ་དགོས་པ་ནི་དྲང་བདེན་ལས་འདྲ་མཉམ་མིན་ཞེས་པའི་ནང་། དམར་ཤོག་ཚོགས་པའི་མགོ་གཙོ་ཚོས་བསྐྱར་ཟློས་ཡང་ཟློས་ཀྱིས་ནན་བརྗོད་བྱེད་བཞིན་པ་ནི། སྤྱི་ཚོགས་ནང་ངོ་རྒོལ་ཇེ་མང་ནས་ཇེ་མང་འགྲོ་བཞིན་ཡོད་པ་དེ་རེད། ཉེན་རྟོག་སྡེ་ཁག་གི་ཚོད་རྩིས་ལྟར་ན། ལོ་རེའི་ནང་རྒྱ་ནག་ནང་དུ་མི་དམངས་ཀྱི་ངོ་རྒོལ་དོན་རྐྱེན་ ༡༨༠༠༠༠ ཙམ་འབྱུང་གི་ཡོད་ཅིང་། མགོ་གཙོ་ཚོས་ངོ་རྒོལ་གྱི་ཡོ་ལངས་དེ་ནི་དབུལ་ཕྱུག་གི་བར་ཁྱད་ལ་བསྟན་པའི་ཁོང་ཁྲོའི་རྣམ་འགྱུར་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། བར་ཁྱད་དེ་ཆུང་དུ་གཏོང་པར་མགོ་གཙོ་ཚོས་མི་ལོ་བཅུ་ཕྲག་འགའི་དུས་ཚོད་བཏང་ཡོད་མོད། འོན་ཀྱང་། རྒྱ་ནག་མི་མང་གིས་ངོ་རྒོལ་བྱེད་དོན་དབུལ་ཕྱུག་གི་ཁྱད་པར་མ་རེད། སྲིད་དབང་སྒེར་གཅོད་ཀྱིོས་དབང་ཆ་ལ་བར་ཁྱད་ཆེན་པོ་ཤོར་གྱི་ཡོད་པ་དེ་རེད། ཡིན་ཡང་། དབང་འཛིན་པ་ཚོས་དཀའ་ངལ་དེར་མིག་བཞག་ནས་ལྟག་ཁུག་གིས་ཀྱང་ལྟ་ཡི་མེད། དྲང་བདེན་མིན་པའི་ཁྲིམས་ལུགས་གཉེར་སྟངས་ལ་དབྱེ་ཞིབ་དང་གནས་བབ་འཕོ་འགྱུར་མ་བྱུང་ཚེ། དབུལ་སྒྲོལ་ལས་འགུལ་ནི་རེ་བ་སྟོང་ཟད་ཅིག་རེད། ཅེས་འཁོད་ཡོད།

ཐེངས་འདིར་རྒྱ་ནག་གཞུང་གིས་དབུལ་སྒྲོལ་ལས་འགུལ་ལ་ཕམ་ཉེས་བྱུང་དགོས་པའི་ཐད་དོན་ཚན་ ༦ ཅན་གྱི་རྒྱུ་མཚན་བཀོད་པའི་ཡི་གེ་ཞིག་བཏང་ཡོད་པའི་ནང་། དང་པོ།  ཡིག་ཐོག་ཏུ་རེའུ་མིག་སྐོང་པ་ཙམ་ལས་དོན་དངོས་དབུལ་སྐྱོར་བྱེད་ཀྱི་མེད་པ།

གཉིས་པ། དབུལ་ཕོངས་དུད་ཁྱིམ་ལ་གྱོན་ཆས་གསར་པ་ཉོ་བ་དང་། ཁང་པའི་གྱང་ལ་དཀར་རྩི་བྱུགས་པ་ཙམ་ཕྱི་ཚུལ་གྱི་རོགས་རམ་ཙག་ཙིག་ལས་དོན་དངོས་སུ་ཕན་ཐོགས་པའི་དབུལ་སྐྱོར་བྱེད་ཀྱི་མེད་པ།

གསུམ་པ། གྲོང་ཚོར་བཅའ་སྡོད་བྱས་པའི་ལས་བྱེད་པ་ཉིན་རེ་བཞིན་ལས་ཀར་ཡོང་བའི་ཐོ་རྒྱག་པར་བྲེལ་དགོས་པས་དབུལ་སྐྱོར་དུ་འགྲོ་བའི་དུས་ཚོད་མེད་པ།

བཞི་བ། ཐོན་ལས་དབུལ་སྐྱོར་བྱེད་སྐབས་ཐད་ཀར་ནོར་ལུག་ཉོས་ནས་སྦྱིན་པ་ལས་མི་སེར་ལ་ཡུན་རིང་ཕན་ཐོགས་པའི་ལས་རིགས་སྦྱོང་བརྡར་སོགས་མི་བྱེད་པ།

ལྔ་བ། དབང་ཆེ་བའི་སྡེ་ཁག་གིས་དབུལ་བོར་རོགས་སྐྱོར་མི་བྱེད་པར་ཕྱུག་པོར་དབུལ་སྐྱོར་བྱེད་པ།

དྲུག་པ། མི་ཁག་ཅིག་དབུལ་བོ་མིན་ཡང་དབུལ་བོར་བརྩི་བ་དང་། ཡང་ཁག་ཅིག་དབུལ་སྒྲོལ་བྱུང་མེད་ཀྱང་དབུལ་སྒྲོལ་བྱུང་བར་བརྩི་བ་བཅས་འཁོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༡༢

Leave a Reply

One thought on “དབུལ་སྒྲོལ་ལས་གཞི་དེ་རེའུ་མིག་སྐོང་ཐབས་ཙམ་ཆཊ་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེh

    དབུལ་སྐྱོར་འགག་སྒྲོལ་ལམ་དབུལ་སྒྲོལ་འགག་སྒྲོལ་ཟེར་བའི་
    ཐ་སྙད་འདིའི་འོག་ནས་འཛམ་གླིང་གི་ཆབ་སྲིད་མི་སྣ་ཚོའི་རང་མིང་
    གྲགས་ཐབས་ཙམ་ལས་དོན་དངོས་དབུལ་ཕྱུག་གི་དབྱེ་བ་དུས་ནམ་
    ཡང་ཕྱེ་མི་ཐུབ་པ་ནི་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ཉམས་ཐག་ལ་
    རྫོགས་མཐའ་མེད་པ་དེ་ནས་ངོ་ཚོར་ངོ་འཕྲོད་ཐུབ་ཞིག་མ་རེད་དམ་།