སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ལ་རྗེས་དྲན་ཞུས། 

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་བཙོན་ཁང་དུ་སྐུ་བཀྲོངས་པའི་དངོས་དོན་རྣམས་རྒྱ་ནག་གཞུང་ལ་བདེན་པའི་བརྡ་ལན་སྟོན་ཆེད་སློབ་ཡོན་དང་རྒས་ཁོག་འཚོ་སྣོན་སོགས་ཕུལ།

དེ་རིང་ཕྱི་ཚེས་ ༡༢ ཉིན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གི་བཙོན་འཇུག་འོག་ཏུ་སྐུ་བཀྲོངས་ནས་ལོ་གསུམ་ཧྲིལ་པོ་འཁོར་བའི་ཉིན་མོ་དང་བསྟུན། བཙན་བྱོལ་དུ་ཡོད་པའི་རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པས་དམ་པ་ཁོང་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་དང་། ཉམ་ཐག་རྣམས་ལ་མགོན་སྐྱབས་དང་སློབ་གྲྭ་སོགས་བཙུགས་གནང་སྟེ་མཛད་རྗེས་བླ་མེད་བཞག་པར་རྗེས་དྲན་དང་། རྒྱ་ནག་གཞུང་གིས་ཁོང་ཉེས་མེད་བཙོན་བཅུག་དང་མ་ཉེས་ཁ་གཡོག་བྱས་ཏེ་བཙོན་ནས་སྐུ་བཀྲོངས་བའི་བདེན་པའི་བརྡ་ལན་ཆེད། རྗེས་དྲན་གཟེངས་རྟགས་ཐེངས་གསུམ་པ་དེ་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཀྱི་ཡིག་རྒྱུགས་ཁྲོད་ཨང་དང་པོ་ལེན་མཁན་སྦེལ་ཀོབ་བོད་ཁྱིམ་གྱི་བསྟན་འཛིན་སྟོབས་ལྡན་ལགས་ལ་སྤྲད་ཡོད་པ་དང་། དེ་བཞིན་མོན་གྷོ་རྒས་གསོ་ཁང་གི་བགྲེས་སོང་རྣམས་ལ་བཞེས་ལག་ཟབ་རྒྱས་ཤིག་ཕུལ་ཡོད་འདུག་ལ། འདི་ལོའི་མཐོ་རིམ་སློབ་མའི་གཟེངས་རྟགས་ཀྱི་བྱ་དགའ་དང་བགྲེས་སོང་གི་འཚོ་སྣོན་གྱི་འགྲོ་གྲོན་ཡོངས་རྫོགས་ཡུ་རོབ་ཧྥ་རན་སིར་གནས་སྡོད་ཨོ་ཐོག་བསྟན་པ་དར་རྒྱས་ལགས་ཡིན་འདུག

ཞབས་ཞུ་ཚོགས་པའི་འདི་གར་བཏང་བའི་གནས་ཚུལ་ནང་། དམ་པ་དེ་ཉིད་ཀྱིས་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་གནང་སྐྱོང་མཛད་པ་ལ་རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོག་གིས་བླ་མ་རིན་པོ་ཆེ་རང་ཉིད་ཀྱི་དགོན་པའི་ནང་ལ་ཞི་བདེ་བག་ཕེབས་ངང་བཞུགས་ཐབས་བྲལ་བའི་གནས་སྟངས་འོག ཕྱི་ལོ ༢༠༠༢ ལོ་ནས་འཛིན་བཟུང་བཙོན་འཇུག་གིས་ཕྱི་ལོ ༢༠༡༥ ཟླ ༧ ཚེས ༡༢ བར་མི་ལོ་ ༡༣ རིང་སྡུག་སྦྱོང་མནར་བཅོད་མི་སྤྱོད་ལས་འདས་པ་ཞིག་བཏང་སྟེ། མཐར་གོང་ཚེས་ཉིན་རྒྱ་ནག་ཁྲིན་ཏུའུ་ཁྲོན་ཏུང་བཙོན་ཁང་དུ་སྐུ་བཀྲོངས་པའི་དངོས་དོན་རྣམས་རྒྱ་ནག་གཞུང་ལ་བདེན་པའི་བརྡ་ལན་སྟོན་ཆེད་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་མི་རིགས་ཀྱི་རྩ་དོན་ལ་སྨན་པའི་ཆོས་དང་རིག་གཞུང་ཁོར་ཡུག་སྲུང་སྐྱོབ་ཐོག་མཛད་རྗེས་རླབས་ཆེན་བསྒྲུབས་ཡོད་པ་མ་ཟད། ཡུལ་མི་ཉམ་ཐག་གི་བུ་ཕྲུག་རྣམས་ལ་བུ་གསོ་ཁང་གི་མཚོན་པའི་སློབ་གྲྭ་གསར་འཛུགས་དང་བགྲེས་སོང་ཉམ་ཐག་ལ་རྒས་གསོ་ཁང་སོགས་ཀྱི་མཛད་པ་རྣམ་ཐར་ཇི་སྙེད་ཅིག་ཡོད་པ་ལྟར་། ང་ཚོ་སློབ་མ་རྣམས་ཀྱིས་ཀྱང་རིན་པོ་ཆེ་ཁོང་གི་བཀའ་དྲིན་རྗེས་དྲན་སླད་ཞབས་ཞུ་ཚོགས་པས་ལོ་དང་པོར་སྤེལ་བའི་ལས་འགུལ། ཅེས་འཁོད་འདུག

ཡི་གེའི་ནང་མུ་མཐུད་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་རྗེས་དྲན་ཆེད་སྤེལ་བའི་ལས་འགུལ་ནི། འཛིན་རིམ་བཅུ་གཉིས་མཐོ་རིམ་སློབ་མའི་བྱ་དགའ་ཐེངས་དང་པོ་དེ་སི་ལ་ཀུ་སློབ་གྲྭའི་བུ་མོ་བསྟན་འཛིན་མཚོ་མོ་ལགས་ལ་ཕུལ་བ་དང་། བཙན་བྱོལ་ནང་གི་སྐུ་ན་བགྲེས་ཤོས་ཀྱི་འཚོ་སྣོན་ཐེངས་དང་པོ་དེ་དགུང་ལོ་ ༡༠༡ ལ་སོན་པའི་སྦེལ་ཀོབ་གྷོ་ལ་ཐ་ལའི་ཨ་མ་འོད་ཟེར་ལགས་ལ་ཕུལ་ཡོད་པ་དང་། ལོ་གཉིས་པར་མཐོ་རིམ་སློབ་མའི་གཟེངས་རྟགས་བྱ་དགའ་ཐེངས་གཉིས་པ་དེ་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཨང་དང་པོ་བཞེས་མཁན་རྡ་སར་གནས་བཞུགས་བུ་མོ་བསྟན་འཛིན་འཆི་མེད་ལགས་དང་བཙན་བྱོལ་ནང་གི་སྐུ་ན་བགྲེས་ཤོས་ཀྱི་འཚོ་སྣོན་དེ་དགུང་ལོ་༩༧ ལ་སོན་པའི་རྡ་སའི་བྱམས་པ་གླིང་རྒས་གསོ་ཁང་དུ་བཞུགས་པའི་བོད་མདོ་སྨད་རོང་པོ་ཐོ་རྒྱ་ནས་ཡིན་པའི་སྤོ་སྤོ་ཐུབ་བསྟན་ཚེ་རིང་ལགས་གཉིས་ལ་ཕུལ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༡༢

Leave a Reply

2 thoughts on “སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ལ་རྗེས་དྲན་ཞུས། 

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེh

    མི་སྲུན་ཀླ་ཀློའི་ངན་སྤྱོད་གླིང་འདིར་དར་།
    ཆོས་ལྡན་ཡུལ་གྱི་ཕྱི་ནང་སྣོད་བཅུད་ཀུན་།
    རྩ་མེད་བཟོ་བའི་ངན་དགུའི་ཆབ་སྲིད་འོག་།
    བཅུ་ཕྲག་དྲུག་ལ་མྱང་པའི་སྤྲེལ་ཚའི་རིགས་།
    ལས་འབྲས་བསླུ་བ་མེད་པའི་བདེན་འཐུ་དང་།
    མཆོག་གསུམ་བདེན་པས་དཔང་པོ་མཛད་པ་ནས་།
    དཀར་ཕྱོགས་སྐྱོངས་བའི་ལྷ་སྲུངས་ཁྱེད་རྣམས་ཀྱིས་།
    ནག་ཕྱོགས་ཀླ་ཀློའི་དཔུང་ཚོགས་རྩ་མེད་གཏོང་།