༧སྐུའི་འཕྲོད་བཞེས་སྔར་ལོ་ལས་ཡག་པ་འདུག

༧སྐུའི་བླ་སྨན་པ་ཚེ་བརྟན་ལགས་ཀྱིས་ཉེ་ལམ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་རྒྱལ་ས་སླེ་ནས་ལྡུམ་རར་ཆིབས་སྒྱུར་ཉིན་གཅིག་འཕར་འགྱངས་མཛད་དགོས་བྱུང་ཡོད་པ་དེ་ནི་༧སྐུ་ཐང་ཆད་པ་ལས་མགུལ་ཆམ་བཞེས་པའི་རྐྱེན་གྱིས་མིན་སྐོར་གསལ་བཤད་གནང་འདུག༧སྐུའི་བླ་སྨན་པ་ཚེ་བརྟན་ལགས་ཀྱིས། གཞི་རྩའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་འདུག འོན་ཀྱང་ཁ་ཉིན་མཛད་འཆར་ཏོག་ཙམ་རིང་པོ་ཞིག་ཆགས་སྟབས། ༧སྐུ་མདུན་ཏོག་ཙམ་༧སྐུ་ངལ་གསོ་གནང་མཛད་པ་མ་གཏོགས། ༧སྐུའི་འཕྲོད་བཞེས་ཐོག་སེམས་འཁྲལ་གནང་དགོས་པ་རྩ་བ་ནས་མི་འདུག དད་ལྡན་མང་ཚོགས་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་ཐོག་ཐུགས་འཚབ་གནང་དགོས་པའི་གནས་སྟངས་རྩ་བ་ནས་མི་འདུག ཅེས་བརྗོད་འདུག

སྤྱི་ཚོགས་ཁྲོད༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་མགུལ་ཆམ་བཞེས་ཡོད་པའི་འཆལ་གཏམ་ཁྱབ་བཞིན་པའི་སྐོར་ལ་ཁོང་གིས། སྔ་ལོར་ལ་དྭགས་སུ་༧སྐུ་བཞུགས་མཛད་སྐབས་ལས་ད་ཐེངས་༧སྐུའི་འཕྲོད་བཞེས་ཡག་པ་འདུག དེར་བརྟེན་ལ་དྭགས་སུ་མཛད་འཕྲིན་སྔ་ལོ་ལས་མང་བ་དང་བཞུགས་ཞག་ཀྱང་རིང་བ་ཡོད། ལ་དྭགས་ས་སྐམ་པོ་ཡིན་པ་དང་ཐལ་རྡུལ་ཏོག་ཙམ་ཡོད་སྐབས་མཚམས་རེར་ཧབ་སྦྲིད་ཏོག་ཙམ་མཛད་པ་མ་གཏོགས་གཞན་གང་ཡང་མེད། ཅེས་བརྗོད་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་ས་ཁུལ་ལྡུམ་རར་རྟེན་གཞི་བྱས་པའི་བདེ་སྐྱིད་བཀྲ་ཤིས་ཆོས་གླིང་དགོན་པར་༧ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སྐབས་དེར་ཐོ་སི་གནམ་ཐང་དུ་ (Thoise Airport) ཡུལ་དེའི་བླ་སྤྲུལ་ཁག་དང་དགོན་པའི་སྐུ་ཚབ་ཁག ཚོགས་སྐྱིད་ཁག་གི་སྐུ་ཚབ་སོགས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག་ལ། དེ་རིང་བདེ་སྐྱིད་དགོན་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་༧སྐུ་ངལ་གསོ་གནང་མཛད་རྒྱུ་ཡིན་འདུག

བདེ་སྐྱིད་དགོན་པའི་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དགེ་བཤེས་ཚུལ་ཁྲིམས་མཐར་ཕྱིན་ལགས་ཀྱིས། འདི་ལོར་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་དྲུག་པ་ཆགས་ཡོད་པ་དང་། ལོ་སྔ་མ་བདེ་སྐྱིད་དགོན་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དབྱར་ཆོས་ཆེན་མོ་གཟབ་རྒྱས་ངང་ཚོགས་ཐུབ་པ་བྱུང་ཡོད། ཕྱོགས་མཚུངས་འདི་ལོར་ལྡུམ་ར་བསམ་གཏན་གླིང་དགོན་པར་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་དྲུག་པ་ཚུགས་གཏན་འཁེལ་ཡོད། ལ་དྭགས་དབྱར་ཆོས་ཆེན་མོ་བརྗོད་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞི་གཞིར་བཟུང་ཆོས་ལུགས་རིས་མེད་ཀྱི་ནང་པ་སངས་རྒྱས་པའི་ཐེག་པ་ཆེ་ཆུང་སྔགས་ཙམ་མ་ཟད། བོད་ཀྱི་ས་དགེ་བཀའ་རྙིང་དང་། དེ་བཞིན་ཁ་ཆེ་དང་ཡེ་ཤུའི་རྗེས་འབྲང་པ་སོགས་ཆོས་ལུགས་སུ་འདྲ་ཞིག་ཡིན་ཡང་དབྱར་ཆོས་ཆེན་མོར་འཛུལ་ཞུགས་ཆོག་པ་མ་ཟད། ཚོགས་འདུའི་ཐོག་རིས་མེད་མཁས་པར་གསུང་བཤད་གནང་རྒྱུའི་གོ་སྐབས་ཀྱང་ཆ་ཚང་ཡོད། ཅེས་བརྗོད་འདུག

ཕྱི་ཚེས་ ༡༣ ཉིན་བདེ་སྐྱིད་གྲོང་ཁྱེར་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མི་མང་ལ་བློ་སྦྱོང་ཚིག་བརྒྱད་མ་དང་། རྟེན་འབྲེལ་བསྟོད་པའི་བཀའ་ཆོས་སྩལ་གནང་མཛད་གཏན་འཁེལ་ཡོད་འདུག་ལ། ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་བསམ་གཏན་གླིང་དགོན་པར་ཆིབས་སྒྱུར་བཀའ་དྲིན་བསྐྱང་གནང་མཛད་རྒྱུ་ཡིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ནས་ཀླུ་མགོན་ཐར་གྱིས་བཏུས།

བསྐྱར་བཅོས།: ༢༠༡༨/༠༧/༡༢

Leave a Reply

4 thoughts on “༧སྐུའི་འཕྲོད་བཞེས་སྔར་ལོ་ལས་ཡག་པ་འདུག

  1. ༄༅། ཉི་ཟླ་རི་བོའི་རྩེ་རུ། དར་ལྕོག་ཁ་གང་བསྒྲེངས་ནས།
    ལྷ་བསང་དགུང་དུ་བཏང་ཡོད། དུང་དཀར་དབྱངས་རྟ་རེ་རེ།
    འབོད་པའི་བརྡ་རུ་བཏང་ཡོད། ལག་གཉིས་ཐལ་མོ་སྦྱར་ཏེ།
    གསོལ་བ་ལན་གསུམ་བཏབ་ཡིན།
    དྲིན་ཆེན་ལྷ་མོ་དོན་འགྲུབ།
    རང་ཡུལ་ཕྱོགས་ལ་ཕེབས་རོགས།

  2. སྔར་ལོ་ལས་ཡག་པ་འདུག་ཟེར། དེ་ན་སྔར་ལོ་དེ་འདྲ་ཡག་པོ་མ་ཡིན་པ་རེད་དམ། སྐྱག་རྫུན་རྐྱང་རྐྱང་བཤད་ནས་སྡོད་ཤོག ཁོང་གི་མཐའ་སྐོར་ན་མི་ཡག་པོ་གཅིག་ཀྱང་མེད་པ་གསལ་བོར་རེད།

  3. དཀྲུགས་རྒོལ་ལམ་དཀྲོགས་རྒོལ།

    སྤྱིར་“དཀྲུགས”་ཞེས་པ་དང་“དཀྲོགས”་ཞེས་པའི་ཐ་སྙད་འདི་གཉིས་ཀྱི་དོན་དག་ཕྱོགས་འདྲ་ཞིག་ཡིན་ཀྱང་ཁྱད་པར་ཅུང་ཟད་ཡོད། ཉེ་ཆར་རང་རེའི་སྤྱི་ཚོགས་ནང་དུ་“སྤྱི་ཚོགས་དཀྲུག་མཁན”་ཟེར་བ་མང་ཙམ་ཐོས་རྒྱུ་ཡོད་པ་ལས་“སྤྱི་ཚོགས་དཀྲོགས་མཁན”་ཞེས་པ་ཆེར་ཐོས་རྒྱུ་མི་འདུག དེའི་ཕྱིར་དེང་སྐབས་ནི་“དཀྲུགས”་ཀྱི་རླུང་རྟ་རྒྱུགས་པའི་སྐབས་ཡིན་པ་འདྲ།
    ཚིག་འདི་གཉིས་ཀྱི་ངོ་གདོང་ལ་དཔྱད་པ་ཞིག་བྱས་ན་ཉེ་ཆར་ཕྱི་རྒྱལ་ཞིག་ཏུ་བུད་མེད་རྒན་མོ་རེ་ཟུང་གིས་དུས་མ་ཡིན་པ་ཞིག་ལ་སྐུ་ངོ་ཞིག་ལ་ངོ་རྒོལ་ཞིག་བྱས་པར་གྲགས་པ་དེ་དཀྲུགས་རྒོལ་ཡིན་ནམ་དཀྲོགས་རྒོལ་ཡིན་པ་གསལ་ཁ་རེ་འབྱུང་སྲིད་སྙམ། གལ་སྲིད་དཀྲུགས་རྒོལ་ཡིན་ན་འགྲིག་པ་ལ་དཀྲོགས་རྒོལ་ཡིན་ན་ཨ་ཁ་ཁ།
    སྤྱིར་དོན་དག་ཐམས་ཅད་ལ་བཟང་ཕྱོགས་དང་ངན་ཕྱོགས་གཉིས་སུ་འུད་དང་རང་བཞིན་གྱིས་བརྗོད་པ་གཉིས་རེ་ཡོད་པས་ཉུང་མཐར་ཡང་དོན་དག་གཅིག་ལ་ངོས་བཞི་རུ་བརྗོད་ལུགས་ཡོད། “སྤྱི་ཚོགས་དཀྲུག་མཁན”་ཞེས་པའི་ཚིག་འདི་ནི་གང་ཟག་གཅིག་གི་ངན་ཕྱོགས་སུ་འུད་ཀྱིས་བརྗོད་པའི་ཚིག་ཅིག་ཡིན་ཞིང་། འདིའི་བཟང་ཕྱོགས་ཀྱི་འུད་ཀྱིས་བརྗོད་པའི་ཚིག་ནི་“སྤྱི་ཚོགས་དཀྲོག་མཁན”་ཞེས་པའི་ཚིག་འདི་ཡིན་གྱི་རེད། འདི་གཉིས་ཀ་ལ་རང་བཞིན་གྱིས་བརྗོད་པའི་ཚིགས་རེ་ཡང་ཡོད། དེ་ནི་ཕལ་ཆེར་“མང་ཚོགས་ཀྱི་སེམས་པ་མི་བདེ་བར་བྱེད་མཁན”་ཞེས་པ་དང་། “མང་ཚོགས་ལ་བསམ་གཞིགས་སློང་མཁན”་ཞེས་པ་འདི་གཉིས་ཡིན་གྱི་རེད།
    ངོས་འདི་བཞི་བོའི་གང་ཞིག་རང་གིས་ལེན་དང་མི་ལེན་ནི་གང་ཟག་རང་ཉིད་ལ་རག་ལས་ཡོད། ཉེ་བའི་དུས་སྐབས་སུ་དགེ་འདུན་ཆོས་འཕེལ་ནས་དེང་སྐབས་ཀྱི་ཞོགས་དུང་དང་ཚ་བ་མདའ་སྙུག་གི་བར་དུ་འུ་ཅག་གིས་དངོས་སུ་མྱོང་ཐུབ་པའི་མི་སྣ་ཁག་ཅིག་ཡོད། འདི་དག་གི་གསུང་རྩོམ་དག་ནི་མང་པོ་ཞིག་གི་ངོ་ལ་དཀྲུག་བྱེད་ཀྱི་ཉོག་རྩོམ་ཡིན་ཞིང་། ཡང་མང་པོ་ཞིག་གི་ངོ་ལ་དཀྲོག་བྱེད་ཀྱི་འབོལ་རྩོམ་ཡིན། དེ་ཡང་གསལ་བོར་ཞུས་ན་མི་མང་པོ་ཞིག་གིས་གོང་གསལ་རྩོམ་པོ་དག་ནི་སྤྱི་ཚོགས་རྨོངས་གཉིད་ལས་དཀྲོག་མཁན་གྱི་ཅོང་བརྡ་ལ་གདེངས་འཇོག་བྱེད་ཅིང་། ཡང་མང་པོ་ཞིག་གིས་ནི་ཁོང་རྣམ་པ་སྲོལ་རྒྱུན་གྱི་ལམ་ལུགས་དཀྲུག་མཁན་གྱི་ཐུར་མ་ལ་ངོས་འཛིན་བྱེད་པ་རེད། དེའི་ཕྱིར་དཀྲུག་དང་དཀྲོག་གང་ཡིན་རུང་གཞི་མེད་པ་ཞིག་མ་རེད།
    མི་སེམས་དཀྲུགས་དང་མི་དཀྲུགས་ནི་ཉུང་མཐར་ཡང་རྐྱེན་གལ་ཆེན་གཉིས་ལ་རག་ལས་ཡོད། གཅིག་ནི་ཉན་པ་པོའི་སྟེང་དུ་ཡོད་པ་དང་གཅིག་ནི་བཤད་པ་པོའི་ཐོག་ཏུ་ཡོད། ཉན་པ་པོ་ལ་ཡོད་པའི་རྐྱེན་ནི་རང་གི་བསམ་བློ་གཏོང་ཕྱོགས་དེ་དུས་རབས་དང་སྤྱི་ཚོགས་གཉིས་ལ་འཚམས་པར་འགྲོ་མ་ཐུབ་པ་དེ་རེད། དེའི་སྐབས་སུ་གཞན་གྱིས་གང་བཤད་རུང་རང་སེམས་འཁྲུགས་པའི་རྒྱུ་རུ་འགྱུར་བ་རེད། རང་སེམས་འཁྲུགས་པ་དེ་ལ་གཞན་གྱིས་བལྟས་ན་མི་སེམས་དཀྲུགས་པ་ཟེར་བ་དེ་རེད། མི་སེམས་དཀྲུགས་པའི་པའི་རྐྱེན་དེ་ཉན་པ་པོ་ལ་ཡོད་ན་བཤད་པ་པོ་ལ་མི་སྨྲའི་རྟུལ་ཞུགས་ལ་གནས་རྒྱུ་ཁོ་ན་ལས་གཞན་དེ་ལ་གོ་བརྡ་སྤྲོད་ཐབས་ཀྱི་བྱ་བ་གང་ཡང་བྱེད་རྒྱུ་མེད།
    གཉིས་པ་བཤད་པ་པོ་ལ་ཡོད་པའི་རྐྱེན་ནི་བཤད་པ་པོས་བཤད་པའི་སྐད་ཆ་དེ་དུས་དང་སྤྱི་ཚོགས་གཉིས་དང་མ་མཐུན་པ་ཞིག་བཤད་པ་དེ་རེད། དེས་མི་སེམས་དཀྲུགས་རྐྱེན་བྱེད་པ་རེད། དེ་ལ་ཡང་ཉན་པ་པོའི་ངོས་ནས་བསམ་བློ་རྒྱ་ཆེ་ས་ནས་བཏང་ཞིང་སེམས་རྣལ་དུ་ཕབས་ནས་གོ་བ་ཆེ་ས་ནས་བླངས་ན་བཤད་པ་པོས་མིད་པ་ཐེད་སོང་རུང་དཀྲུགས་པའི་ནུས་པ་ཐོན་རྒྱུ་ཞིག་མི་འབྱུང་།
    སྐབས་སུ་བབ་པ་དཀྲོགས་དང་དཀྲུགས་གི་དོན་དག་དེ་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱི་ཐོག་ཏུ་སྦྱར་ན་ཁོང་གི་བཀའ་མོལ་དེས་མི་སེམས་དཀྲུགས་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད་ཅིང་། ཡང་དེས་ཕྱོགས་གཞན་ནས་ཉན་ན་མི་སེམས་དཀྲོགས་མེད་པར་ཡང་བརྗོད་ཐུབ་མི་ཐུབ། ངས་ཁོང་གིས་བཤད་པ་དེ་བོད་མི་རིགས་རྨོངས་གཉིད་ལས་དཀྲོག་བྱེད་ཀྱི་ཅོང་བརྡ་ཡིན་པར་འུར་སྒྲོག་བྱེད་ཀྱིན་མེད་ལ། བོད་མི་རིགས་དུམ་བུར་དཀྲུག་བྱེད་ཀྱི་ཐུར་མ་ཡིན་པའི་གླེང་ཡང་འགེལ་གྱིན་མེད། ཁོང་གིས་བཤད་པ་དེ་དཀྲུག་པའི་བྱ་བ་རུ་འགྲོ་སྲིད་པས་དེ་ལ་གཟབ་དགོས་པ་དང་། དཀྲོག་པའི་བྱ་བ་ཡང་ཡིན་ཆོག་པས་དེ་ལ་གཞིགས་དགོས་སོ།
    མི་རིགས་ཤིག་རྨོངས་གཉིད་ལས་དཀྲོག་མཁན་གྱི་སྐྱེ་བུ་དག་གིས་གནའ་སྲོལ་གྱི་རྒྱུན་འཛིན་མཁན་དག་གི་རྣ་བ་ལ་དུས་གཏན་དུ་འཇམ་པའི་སྐད་ཆ་ཤ་སྟག་བཤད་ནས་དཀྲོགས་པ་ཞིག་ད་བར་བྱུང་མྱོང་མེད། ཤ་ཚ་བའི་གཏམ་ལ་སྙན་པོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད། ཅེས་པའི་གཏམ་དཔེ་ཞིག་ཀྱང་ཡོད། ལར་ནས་མི་སེམས་དཀྲུགས་པ་ཙམ་གྱིས་ངོ་རྒོལ་བྱ་འོས་པ་ཞིག་ཡིན་ན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ནས་དབུ་བྱས་ཏེ་སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་བར་གྱིས་སྐུ་ངོ་མང་པོས་ཀྱང་མི་སེམས་དཀྲུག་པའི་བཀའ་མོལ་གནང་ཡོད་པས་དེ་དག་ལ་ཡང་ངོ་རྒོལ་བྱ་འོས་སམ།

  4. གཞུང་པ་ཚེ་དབང་བསོད་ནམས་་ཉེh

    རྒྱལ་བའི་སྐུ་ཚེ་བླ་སློབ་དམ་ཚིག་རག་།
    རྒྱལ་བའི་སྐུ་ཚེ་བོད་འབངས་ཆིག་བསྒྲིལ་རག་།
    རྒྱལ་བའི་སྐུ་ཚེ་ངོ་ལྐོག་མེད་པར་རག་།
    རྒྱལ་བའི་སྐུ་ཚེ་ནང་ཁུལ་འཆམ་མཐུན་རག་།
    རྒྱལ་བའི་སྐུ་ཚེ་ལས་བྱེད་ལྷག་བསམ་རག་།
    རྒྱལ་བའི་སྐུ་ཚེ་གཞུང་མང་དམ་ཚིག་རག་།
    རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་
    བརྟན་པ་ཤོག་།