རང་དབང་ལུང་པའི་ནང་གི་ཐག་དྲུད་མ་ལོའུ་ཞྭ།

ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དམ་པ་ལོའུ་ཞོ་པའོ་ལགས་ཀྱི་བཟའ་ཟླ་ལོའུ་ཞྭ་ལགས་ཀྱིས་གནས་སྐབས་རིང་ལོའུ་ཞྭ་ལགས་གསར་འགོད་པར་ཐུག་རྒྱུ་མིན་ལ་མང་ཚོགས་ནང་དུའང་འཐོན་རྒྱུ་མིན་སྐོར་བརྗོད་འདུག

དེ་རིང་ནི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་དམ་པ་ལོའུ་ཞོ་པའོ་ལགས་འདས་ནས་ལོ་གཅིག་ཏག་ཏག་འཁོར་པའི་ཉིན་མོ་ཡིན་སྟབས། འཇར་མན་གྱི་རྒྱལ་སའི་གྷེ་ཐི་སེ་མན་ཡི་ཤུའི་ལྷ་ཁང་ (Gethsemane church) ནང་མྱ་ངན་མཆོད་འབུལ་སྤེལ་བཞིན་ཡོད་ན་ཡང་། ལོའུ་ཞྭ་ལགས་ཀྱི་སྤུན་མཆེད་པེ་ཅིན་ཏུ་ཡོད་རྐྱེན་མྱ་ངན་མཆོད་འབུལ་ཐོག་མཉམ་ཞུགས་བྱེད་ཐུབ་ཀྱི་མེད་འདུག

ཕྱི་ཚེས་ ༡༢ ཉིན་ལོའུ་ཞྭ་ཡི་གྲོགས་མོ་དང་རྒྱ་རིགས་རང་དབང་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལེའོ་ཐེན་ཆེ་ (Liao Tianqi) ལགས་ཀྱིས། གཟའ་ཕུར་བུའི་ཉིན་ལོའུ་ཞྭ་ལགས་དང་བཀའ་མོལ་དུས་ཚོད་ ༢ རིང་གནང་གྲུབ་རྗེས་གསར་འགོས་གསལ་བསྒྲགས་ཤིག་སྤེལ་བ་ལྟར་ན། ལོའུ་ཞྭ་ཡིས་མོ་རང་འཇར་མན་ནང་བདེ་འབྱོར་བྱུང་ཐུབ་པ་དེར་ཧ་ཅང་དགའ་པོ་བྱུང་པ་དང་། ཧོང་ཀོང་མི་དམངས་ཀྱིས་རྒྱབ་སྐྱོར་དང་ཐུགས་འཁུར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག་ལ། ལེའུ་ཡིས་ལོའུ་ཞྭ་ཡི་ལུས་པོའི་གནས་སྟངས་ཧ་ཅང་ཞན་པོ་ཡོད་སྐོར་བརྗོད་འདུག

ཡང་ལེའོ་ཡིས། གལ་སྲིད་ལོའུ་ཞྭ་བཟའ་ཟླའི་མྱ་ངན་འདས་མཆོད་དུ་མཉམ་ཞུགས་པ་ཡིན་ན། དེའི་མཇུག་འབྲས་ནི་མོས་མཐོང་འདོད་མེད་པ་ཞིག་ཡིན་ངེས་རེད། རྒྱ་ནག་གཞུང་ལ་དགོས་མཁོ་བྱུང་ཚེ། ཁོང་མོའི་སྤུན་མཆེད་ལོའུ་ཧེ་ (Liu Hui) ནི་ག་དུས་ཡིན་ཡང་བཙོན་ཁང་དུ་འཇུག་ཆོག་ཆོག་རེད། ཁོང་ནི་མོའི་སེམས་ཐག་ཉེ་ཤོས་ཤིག་ཆགས་ཡོད་སྟབས། དེའི་ཐོག་ལ་སེམས་འཁུར་ཆེན་པོ་བྱེད་ཀྱི་ཡོད་སྐོར་དང་། ལོའུ་ཞྭ་ལགས་ཀྱིས་མྱ་ངན་འདས་མཆོད་ཀྱི་ཉིན་མོ་དེར། ཁོང་མོས་ཁུ་སིམ་སིམ་གྱིས་ཁོང་ཁྱོ་ཤུག་གཉིས་ཀྱི་འདས་པའི་ཡོད་ཚད་ལ་ཕྱིར་དྲན་བྱས་ཏེ། ཁྱོ་ག་དམ་པའི་འདས་མཆོད་སྲུང་གཙི་བྱ་རྒྱུ་ཡིན་སྐོར་བརྗོད་བྱུང་། ཞེས་ལབ་འདུག

ལེའོ་ཡིས་བརྗོད་པ་ལྟར་ན། གནས་སྐབས་རིང་ལོའུ་ཞྭ་ལགས་གསར་འགོད་པར་ཐུག་རྒྱུ་མིན་ལ། མང་ཚོགས་ནང་དུའང་འཐོན་རྒྱུ་མིན་སྐོར་བརྗོད་འདུག་པ་མ་ཟད། ཕྱི་ལོ་ ༢༠༡༠ ལོར་དམ་པ་ལོའུ་ཞོ་པའོ་ལགས་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་སྐབས། ཁོང་རྒྱ་ནག་གི་བཙོན་ཁང་དུ་ཡོད་པ་དང་། བཟའ་ཟླ་ལོའུ་ཞྭ་ལགས་ཀྱིས་ཁོང་གི་ཚབ་ཞུས་ཏེ་གཟེངས་རྟགས་དེ་ལེན་ཆོག་མིན་སྐོར་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་གླེང་སློང་བྱུང་ཡོད་ཀྱང་། སྐབས་དེར་རྒྱ་ནག་གཞུང་གིས་ལོའུ་ཞྭ་ལགས་ལའང་གཟེངས་རྟགས་ལེན་དུ་བཅུག་མེད་པར་བརྟེན། ལོའུ་ཞོ་པའོ་ལགས་ཀྱི་གཟེངས་རྟགས་ལེན་མཁན་མ་བྱུང་བར་ལྷག་བསྡད་ཡོད་པ་རེད། ཉེ་སྔོན་ལོའུ་ཞྭ་ལགས་རང་དབང་ལུང་པར་བདེ་འབྱོར་བྱུང་བ་དང་བསྟུན། ཁོང་མོས་མ་འོངས་པར་བཟའ་ཟླ་དམ་པའི་ཚབ་ཞུས་ཏེ་གཟེངས་རྟགས་དེ་ལེན་རྒྱུ་ཡིན་སྐོར་བརྗོད་ཀྱི་ཡོད་ཀྱང་། དེའི་ཐད་ལོའུ་ཞྭ་ལགས་ཀྱིས་ཁྱོ་ག་དམ་པས་གཟེངས་རྟགས་ལེན་པའི་ལས་ཀ་དེ་ང་ལ་བསྐུལ་ཡོད་ཀྱང་། ད་ལྟའི་ཆར་གཟེངས་རྟགས་དངོས་སུ་ལེན་ཐུབ་པའི་རེ་བ་ཆེན་པོ་མེད་སྐོར་བརྗོད་འདུག

ལོའུ་ཧེ་ (Liu Hui) ནི་ཕྱི་ལོ་ ༢༠༡༣ ལོར་དྲ་ཐོག་ནས་མི་མང་པོར་མགོ་སྐོར་བསླུ་བྲིད་བཏང་བའི་ཉེས་མིང་འོག རྒྱ་གཞུང་གིས་བཙོན་འཇུག་ཁྲིམས་ཆད་ལོ་ ༡༡ བཅད་ཡོད་ན་ཡང་། ཕྱིས་སུ་ཁྲིམས་ཁང་ལ་གཏའ་དངུལ་བཞག་ནས་ལྟ་རྟོག་འོག་པེ་ཅིན་ཏུ་གནས་སྡོད་བྱེད་བཞིན་ཡོད་འདུག གནད་དོན་དབྱེ་ཞིབ་པ་ཚོས་ལོའུ་ཞྭ་ལགས་ཕྱི་ཕྱོགས་སུ་བསྐྱོད་པར་རྒྱ་གཞུང་གིས་ཐོངས་མཆན་སྤྲད་ཡོད་ནའང་། མོའི་ནུ་བོ་ལོའུ་ཧེ་པེ་ཅིན་དུ་ལྟ་རྟོག་འོག་ཉར་ཡོད་སྟབས། མ་འོངས་པར་ལོའུ་ཞྭ་ཡིས་རང་དབང་ལུང་པའི་ནང་འགུལ་སྐྱོད་ག་རེ་བྱས་པ་ཡིན་ནའང་། སྟངས་འཛིན་བྱེད་བདེ་བའི་ཆེད་དུ་ཡིན་སྐོར་བརྗོད་བཞིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༧/༡༣

Leave a Reply