འཛམ་གླིང་རྐང་སྤོལ་གསེར་གྱི་བུམ་པ་ཧྥ་རན་སིས་བཀྱགས། 

ད་ལོའི་འཛམ་གླིང་གསེར་གྱི་རྟགས་མའི་རྐང་སྤོལ་འགྲན་བསྡུར་ཁྲོད་ཉི་ཧོང་གི་ལྟད་མོ་བ་དང་རྐང་སྤོལ་རུ་ཁག་གཉིས་ནས་འཛམ་གླིང་ལ་སེམས་འགུལ་ཐེབས་སུ་བཅུགཕྱི་ལོ་ ༢༠༡༨ ལོའི་འཛམ་གླིང་མནའ་འབྲེལ་རྐང་སྤོལ་རྩེད་འགྲན་ཆེན་མོ་སྟེ། ཧྥི་ཧྥ་གསེར་གྱི་བུམ་པའི་རྐང་སྤོལ་རྩེད་འགྲན་ཐེངས་ ༢༡ པ་དེ་རིང་ཕྱི་དྲོའི་ཆུ་ཚོད་ ༨།༣༠ སྟེང་། ཨུ་རུ་སུའི་རྒྱལ་ས་མོ་སོ་ཁོའི་རྒྱལ་ཡོངས་རྐང་སྤོལ་རྩེད་ཐང་དུ། ཧྥ་རན་སི་དང་ཁུ་རོ་ཞི་ཡ་གཉིས་བར་གསེར་གྱི་བུམ་པའི་རྟིང་རྩོད་འགྲན་བསྡུར་བྱས་ཏེ། ཁུ་རོ་ཞི་ཡར་སྤོལ་ ༢ དང་ཧྥ་རན་སིར་སྤོལ་ ༤ དང་བཅས་ཆགས་ཏེ། འདི་ལོའི་འཛམ་གླིང་མནའ་འབྲེལ་རྐང་སྤོལ་རྩེད་འགྲན་གྱི་གསེར་གྱི་བུམ་པ་ཧྥ་རན་སིར་ཐོབ་ཡོད་པ་དང་། འདི་ནི་ཧྥི་ཧྥ་རྐང་སྤོལ་རྩེད་འགྲན་གྱི་ལོ་རྒྱུས་ཁྲོད་ཧྥ་རན་སི་ལ་གསེར་གྱི་བུམ་པ་ཐོབ་པ་ཐེངས་གཉིས་པ་དེ་ཡིན་འདུག གཞན་ཡང་། ཐེངས་འདིའི་འགྲན་སྡུར་ཁྲོད་སྤོལ་མང་ཤོས་བླུག་མཁན་དབྱིན་ཡུལ་གྱི་རྩེད་མོ་བ་ཧཱ་རི་ཁན་(Harry Kane )གྱིས་སྔ་གཞུག་ཏུ་སྤོལ་ ༦ བླུགས་ཏེ་གསེར་གྱི་ལྷམ་མགོ་ཐོབ་ཡོད་པ་རེད།

ད་ལོའི་འཛམ་གླིང་གསེར་གྱི་རྟགས་མའི་རྐང་སྤོལ་རྩེད་འགྲན་ཐེངས་ ༢༡ པ་འདི་ནི་ཨ་རུ་སུར་འཚོགས་པའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཐོག་མ་དང་། ཨེ་ཤ་ཡའི་ནང་འཚོགས་པ་ཐེངས་གཉིས་པ་དེ་ཆགས་ཡོད་འདུག་ལ། རྐང་སྤོལ་རྩེད་འགྲན་འདིར་འཛམ་གླིང་གླིང་ཆེན་ལྔའི་རྒྱལ་ཁབ་ ༣༢ ཀྱི་རྒྱལ་ཡོངས་རྐང་སྤོལ་རུ་ཁག་མཉམ་ཞུགས་བྱས་ཏེ། ཨུ་རུ་སུའི་གྲོང་ཁྱེར་ ༡༡ ཀྱི་རྩེད་ཐང་༡༢ ནང་ཁྱོན་བསྡོམས་རྩེད་འགྲན་ཐེངས་ ༦༥ བྱས་པ་བརྒྱུད་འཛམ་གླིང་གསེར་གྱི་བུམ་པའི་འགྲན་རྩོད་བྱས་ཡོད་པ་རེད།

འཛམ་གླིང་རྐང་སྤོལ་རྩེད་འགྲན་གྱི་གསེར་གྱི་ལྷམ་ནི་རྩེད་འགྲན་སྐབས་སྤོལ་མང་ཤོས་བླུག་མཁན་གྱི་རྩེད་འགྲན་པ་མི་སྒེར་ལ་སྤྲོད་ཀྱི་ཡོད་པ་དང་། ཉེ་བའི་གསེར་གྱི་ལྷམ་ཐོབ་པའི་རྐང་སྤོལ་རྩེད་འགྲན་པ་བཞིན་ནི། རོ་ནལ་ཌོ་དང་གེ་ལོ་སི། མོའོ་ལར་དང་ཇམ་སི་བཅས་ཆགས་ཡོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཨུ་རུ་སུ་གཞུང་གིས་གྲོང་ཁྱེར་ཁག་གི་མཛེས་ལྗོངས་དང་མི་མང་འདུ་གནས་ཀྱི་ཆ་རྐྱེན། དེ་བཞིན། མེ་འཁོར་ལམ་དང་གཞུང་ལམ་འཛུགས་སྐྲུན་སོགས་ཀྱི་ཆེད་དུ་ཨ་སྒོར་ཐེར་འབུམ་ ༡༥ ལྷག་བཏང་ཡོད་པ་དང་། ལྟད་མོ་བ་ཚོའི་ཆེད་དུ་རྒྱལ་ཁབ་མི་འདྲ་བ་ ༣༢ ཀྱི་སྐད་ནང་འགྲན་ཚོགས་ཀྱི་གནས་ཚུལ་ཐད་གཏོང་བྱས་ཡོད་པ་དང་། དེ་བཞིན་རྩེད་འགྲན་གྱི་བྱ་དགའི་དངུལ་འཕར་སྣོན་གྱིས་མཐའ་མའི་རྒྱལ་ཁ་ཐོབ་མཁན་ཨང་དང་པོར་ཨ་སྒོར་ས་ཡ་ ༣༨ དང་། ཨང་གཉིས་པར་ཨ་སྒོར་ས་ཡ་ ༢༨། ཨང་གསུམ་པར་ཨ་སྒོར་ས་ཡ་ ༢༤ བཅས་རྩེད་འགྲན་གྱི་བྱ་དགའ་ཁོ་ནར་ཨ་སྒོར་ས་ཡ་ ༤༠༠ སྤྲད་ཡོད་འདུག ཐེངས་འདིའི་རྩེད་འགྲན་ཆེད་ཨུ་རུ་སུ་གཞུང་གིས་ཁྱོན་བསྡོམས་ཨ་སྒོར་ཐེར་འབུམ་ ༧༩༡ བཏང་སྟེ། ཕྱི་ལོ་ ༡༩༣༠ ལོར་འཛམ་གླིང་རྐང་སྤོལ་རྩེད་འགྲན་མགོ་ཚུགས་པ་ནས་ད་ལྟའི་བར་གྱི་འགྲོ་སོང་ཆེ་ཤོས་དེ་ཆགས་ཡོད་འདུག

ད་ལན་གྱི་རྩེད་འགྲན་ ༦༥ ཧྲིལ་པོར་ཁྱོན་འཛིན་བྱང་ས་ཡ་༢.༥ བཙོང་གི་ཡོད་པ་དང་། ད་ལྟའི་བར་འཛིན་བྱང་ས་ཡ་༢.༤ བཙོང་ཚར་ཡོད་པ་དང་། འཛིན་བྱང་ཉོ་མཁན་མང་ཤོས་ནི་ཨུ་རུ་སུ་དང་ཨ་རི། བྷར་ཛིལ། འཇར་མན། རྒྱ་ནག མེག་སི་ཁོ། ཨེ་ཟི་རལ། ཨར་རྗན་ཊི་ནཱ། ཨོ་སི་ཊོ་ལི་ཡ། དབྱིན་ཇི། རྒྱ་གར་བཅས་ཡིན་འདུག་ལ། རྩེད་འགྲན་གྱི་མཐའ་མའི་ཉིན་གྱི་འཛིན་བྱང་ལ་ཡུ་སྒོར་ ༨༢༩ ཡིན་པས་ལོ་རྒྱུས་ནང་གོང་ཚད་མཐོ་ཤོས་དེ་ཆགས་ཀྱི་ཡོད་འདུག

ད་ལོའི་འཛམ་གླིང་གསེར་གྱི་བུམ་པའི་རྒྱལ་ཁ་ཐོབ་མཁན་ཧྥ་རན་སིའི་རྐང་སྤོལ་རུ་ཁག་ནི། ཧྥ་རན་སི་རྒྱལ་ཡོངས་རྩེད་རིགས་མཐུན་ཚོགས་ཀྱི་ཁྱབ་ཁོངས་ནས་བདམས་སྒྲིག་བྱས་ནས་ཡོང་གི་ཡོད་ཅིང་། འདི་ལོའི་ཧྥ་རན་སིའི་རྩེད་འགྲན་པ་མང་ཆེ་བ་ལོ་ན་གཞོན་པ་ཡིན་པ་དང་། དམིགས་བསལ་ཧྥ་རན་སིའི་རྩེད་འགྲན་པ་མི་ ༦ གིས་ད་ལྟའི་བར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་རྩེད་འགྲན་ ༤༠ ལྷག་ནང་ཆ་ཤས་བླངས་པའི་ཉམས་མྱོང་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོའི་འཛམ་གླིང་གསེར་གྱི་བུམ་པ་དེ་ཧྥ་རན་སིར་ཐོབ་ཡོད་པ་རེད།

ཁུ་རོ་ཞི་ཡའི་རྐང་སྤོལ་རུ་ཁག་ནི། ཕྱི་ལོ་ ༡༩༩༣ ལོར་འཛམ་གླིང་མནའ་འབྲེལ་རྐང་སྤོལ་མཐུན་ཚོགས་དང་། ཡུ་རོབ་རྐང་སྤོལ་མཐུན་ཚོགས་གཉིས་ཀྱིས་ངོས་འཛིན་བྱུང་རྗེས། ཕྱི་ལོ་ ༡༩༩༦ ལོར་ཡུ་རོབ་རྐང་སྤོལ་རྩེད་འགྲན་དང་། ཕྱི་ལོ་ ༡༩༩༨ ལོར་འཛམ་གླིང་གསེར་གྱི་བུམ་པའི་རྐང་སྤོལ་རྩེད་འགྲན་ནང་ཐོག་མར་ཞུགས། ལོ་དེར་ཁུ་རོ་ཞི་ཡ་འཛམ་གླིང་རྐང་སྤོལ་རྩེད་འགྲན་ཁྲོད་ཨང་ ༣ པ་ཆགས་ཡོད་ཀྱང་། ཕྱི་ལོ་ ༡༩༩༨ ལོ་ནས་ཁུ་རོ་ཞི་ཡའི་རྐང་སྤོལ་རུ་ཁག་འཛམ་གླིང་གསེར་གྱི་བུམ་པའི་རྐང་སྤོལ་རྩེད་འགྲན་ནང་ཐེངས་ ༦ འཛུལ་ཞུགས་བྱས་ཏེ་ད་ལོ་མ་གཏོགས་རྟིང་རྩོད་འགྲན་བསྡུར་ནང་སླེབས་ཐུབ་མེད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༧/༡༥

Leave a Reply

5 thoughts on “འཛམ་གླིང་རྐང་སྤོལ་གསེར་གྱི་བུམ་པ་ཧྥ་རན་སིས་བཀྱགས། 

  1. བརྡ་སྦྱོར་བ།

    གནས་ཚུུལ་སྦྱོར་བ་བཀྲིན་ཆེ། ངས་སྒེར་གྱི་བཙན་བྱོལ་བའི་བོད་ཡིག་བཀོལ་སྤྱོད་ལ་བསམ་ཚུལ་ཞིག་ཞུ་འངོད་བྱུང་འ། འདི་ནི་དགག་ཡིག་མིན་ལ། ངོ་རྒོལ་དེ་བས་ཀྱང་མིན། ཞུ་བྱ་དགོས་ནི། World Cup .. བོད་ཡིག་ཐོག་་་འཛམ་གླིང་ཕོར་པ། ཡང་ན་གསེར་གྱི་ཕོར་པ། FIFA…. བིད་ཡིག་ལ་ཡོད་་བཞིན་པ་ལ་་་དགོས་མེད་ཀྱི་རྒྱ་དམར་གྱི་ཡིག་བསྒྱུ་ལ་བརྟེན་དགོས་པ་མེད། FIFA .. ཧྤི་་་་འངི་དུས་ནམ་ཡང་བེད་སྤྱོད་མ་གནང་རོག་་་FIFA ་་ཕི་ཕ་། འདི་བོད་ཡིག་ནང་རྟག་རྟག་་་གློག་ཐུབ་པ་དང་སྒྲ་འདང་ཡང་ཚད་མ་ངེས། ་་ད་དུང་ཞུ་བྱར་་་་ལ་ལས་France ལ་་་ཧྥི་རནྶི་་བཞིན་བྲིས་འངུག་པས། འདི་བཞིན་བྲིས་ན་་་Fance ཕི་རན་སི། English ལ་ཨིན་ཇི་བྲིས་ན་ལེགས། ་་དབྱིན་ཇི་.. ཟེར་བ་དགོས་པ་མ་མཐོང་བས། བཀྲིས་བདེ་ལེགས།

  2. གཞུང་པ་ཚེ་དབང་བསོད་ནམས་་ཉེh

    ཉི་ཧོང་གི་ལྟ་མོ་བ་དང་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་ནས་འཛམ་གླིང་ལ་སེམས་འགུལ་
    ཐེབས་སུ་བཅུག་ཟེར་ན་ག་འདྲ་རེད་འབྲེལ་བཤད་གསལ་པོ་གནང་དང་།

  3. རྟ་བདུན་དབང་བོ

    འགོ་བརྗོད་ནས། ཉི་ཧོང་གི་ལྟད་མོ་བས་འཛམ་གླིང་མི་མང་ལ་སེམས་འགུལ་ཐེབས་སུ་བཅུགས་སོང་ཟེར། འོན་ཀྱང་སེམས་འགུལ་ཐེབས་སུ་བཅུགས་པའི་འགྲེལ་བཤད་ཅི་ཡང་རྒྱབ་མི་འདུག་པས། གསར་འགོད་པས་ཆ་ཚང་ཞིག་མཁོ་སྤྲོད་མ་བྱས་པའི་ཚོར་སྣང་བྱུང་། །

    1. སྨྱུག་མིང་བ།

      ཉི་ཧོང་གི་ལྟད་མོ་བ་དང་རྐང་སྤོལ་རུ་ཁག་གིས་ཅི་བྱས་འཛམ་གླིང་མི་མང་གི་ཤེས་ཡོད་ས་ནས་བོད་མི་འགས་མ་ཤེས་པ་ནི་དྲི་གཞི་ཞིག་ཡིན་པ་ལས་འགྲེལ་བཤད་རྒྱག་དགོས་པ་ཞིག་ཆགས་མེད་དོ།