ཆུ་ལོག་གིས་མི་མང་པོར་ཤི་རྨས་ཐེབས།

ཀན་སུའུ་ཧུའེ་རིགས་རང་སྐྱོང་ཁུལ་ཏུང་ཞང་རྫོང་ཁོངས་སུ་ཆུ་ལོག་རྒྱུག་སྟེ་མི་ ༡༢ རྐྱེན་འདས་དང་མི་གྲངས་ ༣༩ ལ་རྨས་སྐྱོན་ཕོག་ནས་སྨན་བཅོས་བྱེད་བཞིན་ཡོད་འདུག

རྒྱ་ནག་གོ་ལ་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན། ཀན་སུའུ་ཞིང་ཆེན་ཀ་ཆུ་ཧུའེ་རིགས་རང་སྐྱོང་ཁུལ་ཏུང་ཞང་(Dongxiang)རྫོང་ཞེས་པར་དྲག་ཆར་ཤུགས་ཆེན་བབས་ཏེ། ཆུ་ལོག་རྒྱུག་ནས་མི་ ༡༢ རྐྱེན་འདས་དང་། མི་ ༤ གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། མི་གྲངས་ ༣༩ ལྷག་ལ་རྨས་སྐྱོན་ཕོག་ཏེ་ད་ལྟ་སྨན་བཅོས་བྱེད་བཞིན་ཡོད་འདུག

རྒྱ་ནག་གོ་ལའི་དུས་བབ་ཀྱིས་སྤེལ་བའི་གནས་ཚུལ་ནང་། ཡུལ་དེར་མཚན་གང་བོར་ཆར་ཞོད་ཧ་ཅང་ཤུགས་ཆེན་བབས་པའི་རྐྱེན་གྱིས་ཁང་པ་དང་ལམ་ཁ་སོགས་ལ་གཏོར་བཅོམ་ཆེན་པོ་ཐེབས་ཡོད་པ་མ་ཟད། ཡུལ་མི་མང་པོ་ཞིག་གནས་སྤོས་བྱ་དགོས་བྱུང་ཡོད་པ་དང་། ཏུང་ཞང་རྫོང་གི་གནམ་གཤིས་བརྟག་དཔྱད་ཁང་གིས་བརྗོད་པ་ལྟར་ན། ཆར་ཞོད་མུ་མཐུད་ཉིན་ ༣ རིང་འབབ་རྒྱུ་ཡིན་པས། ཡུལ་མི་དང་འགུལ་བཞུད་པ་ཚོས་རི་ཉུལ་བ་དང་ས་ཤུད་སོགས་ཀྱི་ཉེན་ཁར་ཡིད་གཟབ་དགོས་པའི་ཉེན་བརྡ་བཏང་ཡོད་འདུག

ད་ལོའི་ཕྱི་ཟླ་ ༦ ཟླ་མགོ་ནས་བོད་ཁུལ་གཙོའི་རྒྱ་ནག་གི་ས་ཆ་མང་པོར་དྲག་ཆར་བསྟུན་མར་བབ་པའི་རྐྱེན་གྱིས་ས་ཁུལ་མང་པོའི་ནང་ཟམ་པ་དང་ལམ་ཆད་པ། ཁང་པ་རྡིབ་པ་དང་གྲོང་སྡེ་དང་སྡོད་གནས་སོགས་ཆུས་ཁེངས་པ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་བྱུང་ཡོད་པ་དང་། ཆུ་ལོག་གནོད་སྐྱོན་མང་ཆེ་བ་ཞིག་ཆར་ཞོད་རྐྱེན་གྱིས་ཉེ་འགྲམ་གྱི་གཙང་བོ་དང་མཚེའུ་ཁག་རྒྱས་ཏེ་བྱུང་བ་ཡིན་འདུག

དེ་བཞིན་རྒྱ་ནག་གཞུང་གིས་མུ་མཐུད་རྒྱ་ནག་ཀོང་ཏུང་ཞིང་ཆེན་གྱི་ལྷོ་བརྒྱུད་དང་སི་ཁྲོན་ལྷོ་ནུབ་ཁུལ་དུ་དྲག་ཆར་ཤུགས་ཆེན་འབབ་རྒྱུ་ཡིན་པ་དང་། རྒྱ་ནག་པེ་ཅིན་གྲོང་ཁྱེར་སོགས་སུ་བསྟུན་མར་ཆུ་ཚོད་ ༥༨ རིང་ཆར་ཞོད་ཤུགས་ཆེན་བྱུང་བའི་རྐྱེན་གྱིས་གནམ་གྲུ་ ༢༨༠ ལྷག་འཕུར་མཚམས་འཇོག་དགོས་བྱུང་ཡོད་འདུག

ཉེ་བའི་ཉིན་ཤས་རིང་། རྔ་བ་ཁུལ་དང་དཀར་མཛེས་ཁུལ། བོད་རང་སྐྱོང་ལྗོངས་་སོགས་སུ་དྲག་ཆར་བབ་ཀྱིན་ཡོད་པས་ལྷ་སའི་སྐྱིད་ཆུ་དང་རྐ་ཆུ། རྨེ་ཆུ། རྒྱལ་མོའི་རྔུལ་ཆུ་སོགས་ཆུ་ཆེན་ཆུ་ཆུང་མང་པོ་རྒྱས་ཏེ། ཆུ་ལོག་རྒྱུག་པ་དང་རི་བྲག་ཉིལ་བ། ཁང་པ་དང་ཟམ་པ་རྡིབ་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༢༠

Leave a Reply