བོད་ནས་ཡིན་པའི་མི་གསུམ་འཛིན་བཟུང་བྱས།

བོད་མི་ ༢ དང་རྒྱ་མི་གཅིག་བལ་ཡུལ་རྒྱལ་མཚམས་ལྟ་སྲུང་བས་འཛིན་བཟུང་བྱས་ཏེ་བཀག་ཉར་འོག་ཡོད་པ་དང་། ཁོང་ཚོ་ཕྱིར་ལོག་གཏོང་བའམ་ཡང་ན་བཙོན་ཁང་དུ་བཅུག་པ་སོགས་ཀྱི་ཁྲིམས་ཆད་གཅོད་རྒྱུ་ཡིན་ལུགས་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་གྱིདགུང་མོར། བོད་བལ་ས་མཚམས་འགྲམ་གྱི་སིན་ཌུ་པལ་ཅོག་རྫོང་(Sindhupalchowk)ཁོ་ཏ་རི་(Kodari)ཡི་རྒྱལ་མཚམས་ལྟ་སྲུང་བས། བལ་ཡུལ་ནང་ཁྲིམས་འགལ་གྱིས་འཛུལ་བའི་ཉེས་མིང་འོག་བོད་མི་ ༢ དང་རྒྱ་མི་གཅིག་འཛིན་བཟུང་བྱས་ཏེ། ད་ལྟ་བལ་ཡུལ་ཕྱི་མི་གནས་སྤོས་ལས་ཁུངས་ལ་རྩིས་སྤྲོད་ཀྱིས་བཀག་ཉར་འོག་ཡོད་འདུག

ཧི་མ་ཡ་ལ་དུས་བབ་ཀྱི་གནས་ཚུལ་ལྟར་ན། བོད་མི་དེ་གསུམ་ནི་གཞི་ཀ་རྩེ་ནས་ཡིན་པའི་རང་ལོ་ ༢༠ ཅན་ཝན་པོ་(Wanbo)དང་། ལྷ་ས་ནས་ཡོང་བ་ཀུན་དགའ་རང་ལོ་ ༢༥། ལྷ་སར་གཏན་སྡོད་པ་(Lophankhu)རང་ལོ་ ༣༧ བཅས་ཡིན་པ་དང་།  ལྷ་ས་ནས་ཡིན་པའི་ཀུན་དགའ་དང་(Lophankhu) གཉིས་ལོ་གཅིག་ལྷག་གི་གོང་དུ་བལ་ཡུལ་ནང་འཛུལ་ཡོད་པ་དང་འགྲུལ་སྤྱོད་ཀྱི་ཡིག་ཆ་གང་ཡང་མེད་འདུག ཁོང་གཉིས་བོད་མི་སྐྱབས་བཅོལ་བ་ཡིན་ལུགས་བརྗོད་ཡོད་པ་མ་ཟད། ཨ་རུ་ན་ཅལ་གྱི་ (Academic Institutions of Arunachal Pradesh) སློབ་མའི་ལག་འཁྱེར་ཡོད་པ་བསྟན་ཡོད་པ་རེད།

ཡང་གནས་ཚུལ་དེའི་ནང་དུ། ཁོང་ཚོ་གསུམ་སིན་ཌུ་པལ་ཅོག་རྫོང་ཁོངས་ཀྱི་(Tatopani)གྲོང་རྡལ་བརྒྱུད་ཡིག་ཆ་གང་ཡང་མེད་པར་ཕྱིར་བོད་དུ་ལོག་ཐབས་བྱས་ཡོད་པ་དང་། རྒྱ་ནག་གཞུང་ནས་བོད་བལ་མཐའ་མཚམས་བརྒྱུད་ཁྲིམས་འགལ་གྱི་ཐོག་ནས་འགྲོ་འོང་བྱེད་མཁན་མང་པོ་ཡོད་པ་དེར་བལ་གཞུང་གིས་སྔར་ལྷག་དམ་དྲག་ཤུགས་སྣོན་དགོས་པའི་སྐུལ་འདེད་གཏོང་གི་ཡོད་པ་ལྟར། བལ་གཞུང་རྒྱལ་མཚམས་ལྟ་སྲུང་བས་ཁྲིམས་འགལ་འགྲུལ་སྐྱོད་པར་དོ་ནན་གྱིས་ཞིབ་བཤེར་བྱས་པ་བརྒྱུད་ཁོང་ཚོ་གསུམ་འཛིན་བཟུང་ཐེབས་ཡོད་སྐོར་བསྒྲགས་འདུག

ཕྱི་མི་གནས་སྤོས་ལས་ཁུངས་ཀྱིས་དེ་རིང་བལ་ཡུལ་ནང་གནས་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མི་སྣ་དང་མཉམ་དུ་བོད་མི་དེ་གསུམ་གྱི་སྐོར་ལ་གྲོས་མོལ་བྱེད་ཀྱི་ཡོད་ལུགས་བརྗོད་པ་མ་ཟད། རྒྱ་ནག་གི་མི་སེར་མང་པོ་ཞིག་ཁྲིམས་འགལ་གྱི་ཐོག་ནས་བལ་ཡུལ་ནང་གནས་སྡོད་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་བརྗོད་འདུག

གཞིས་ཀ་རྩེ་ནས་ཡིན་པའི་ཝན་པོ་ནི་ཟླ་ ༡༥ སྔོན་དུ་བལ་ཡུལ་ནང་བསླེབས་ཡོད་པ་དང་། ཁོང་ལ་རྒྱ་ནག་གི་མི་སེར་ཐོབ་ཐང་ལག་འཁྱེར་ཡོད་འདུག ཁོའི་ཐོངས་མཆན་དུས་ཡུན་རྫོགས་ཟིན་ཡང་མུ་མཐུད་བལ་ཡུལ་ནང་བསྡད་ཡོད་པར་བརྟེན། བལ་ཡུལ་ཕྱི་མི་གནས་སྤོས་ལས་ཁུངས་ནས་ཐོངས་མཆན་དུས་ཡུན་རྫོགས་ཏེ་གནས་སྡོད་བྱས་པར་བལ་སྒོར་ ༡༥༠༠༠༠ གི་ཉེས་ཆད་སྤྲོད་པའམ་ཡང་ན་བཙོན་ཁང་དུ་བཅུག་རྒྱུ་ཡིན་པ་དང་། ཡང་མིན་ན་ཁོང་ཚོ་གསུམ་རང་སོར་ཕྱིར་ལོག་གཏང་རྒྱུ་ཡིན་ལུགས་བརྗོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༧/༢༠

Leave a Reply