ཨ་རུ་ན་ཅལ་སློབ་མའི་ངོ་རྒོལ་ནི་གཞི་རྩ་གང་ཡང་མེད་པ་ཞིག་རེད།

ཨ་རུ་ན་ཅལ་གྱི་ཧིན་བོད་གྲོགས་པོ་ཚོགས་པ་དང་ཧིན་བོད་མཛའ་འབྲེལ་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ ༣༠ ལྷག་གིས་ཡུལ་དེའི་སློབ་ཕྲུག་ལས་འགུལ་མཐུན་ཚོགས་ནས་བོད་མི་སྐྱབས་བཅོལ་བ་ཚོར་ངོ་རྒོལ་ཁྲོམ་སྐོར་བྱས་པའི་གནས་ཚུལ་དེ་ལྟ་བུ་བསྐྱར་དུ་མི་འབྱུང་བའི་འབོད་སྐུལ་བྱས་འདུགཉེ་སྔོན་ཕྱི་ཟླ་ ༧ ཚེས་༡༣ ཉིན་ཨ་རུ་ན་ཅལ་སློབ་ཕྲུག་ལས་འགུལ་མཐུན་ཚོགས་(The Students United Movement of All Arunachal) (SUMAA) ཀྱིས། བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ཀྱི་ཉེ་འགྲམ་དུ་ཡོད་པའི་ཀཱ་མེང་རྫོང་(kameng)དུ། བོད་མི་རྣམས་ཕྱིར་ལོག་རྒྱུགས། ཞེས་པའི་འབོད་ཚིག་བསྒྲགས་ཏེ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཨ་རུ་ན་ཅལ་ནང་ཡོད་པའི་ཧིན་བོད་གྲོགས་པོ་ཚོགས་པ་(India Tibet Friendship Society)དང་ཧིན་བོད་མཛའ་འབྲེལ་ཚོགས་པ་(Bharat-Tibet Sahyog Manch)གཉིས་ཀྱི་མཉམ་འབྲེལ་ཐོག ཡུལ་དེའི་མངའ་སྡེ་བློན་ཆེན་དང་མངའ་སྡེའི་དྲུང་ཡིག་ཆེན་མོ། དེ་བཞིན་ཀཱ་མེང་རྫོང་གྲོས་ཚོགས་དང་མོན་པ་ཚོགས་པའི་ཚོགས་གཙོ། དེ་བཞིན་བོད་མིའི་གཞིས་ཆགས་ལས་ཁུངས་བཅས་ཀྱི་མཚན་ཐོག་ལ་ཞུ་ཡིག་ཅིག་ཕུལ་ཏེ། ཐེངས་འདིའི་ལས་འགུལ་དེ་ནི་གཞི་རྩ་གང་ཡང་མེད་པ་ཞིག་ཡིན་པས་སླད་ཕྱིན་དེ་ལྟ་བུའི་ལས་འགུལ་བྱུང་དུ་འཇུག་རྒྱུ་མེད་པའི་འབོད་སྐུལ་ཞུས་ཡོད་པ་དང་། ཐེངས་འདིའི་ཞུ་འཕྲིན་ཐོག་ཡུལ་དེའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ ༣༠ ལྷག་ཅིག་གི་མཚན་རྟགས་ཀྱང་བཀོད་འདུག

ཞུ་འཕྲིན་དེའི་ནང་དུ། ང་ཚོས་ཨ་རུ་ན་ཅལ་སློབ་ཕྲུག་ལས་འགུལ་མཐུན་ཚོགས་ཞེས་པས་བོད་པའི་གཞིས་ཆགས་ཉེ་འགྲམ་དུ་འགན་འཁུར་དང་གཞི་རྩ་གང་ཡང་མེད་པར་ཆབ་སྲིད་ཀྱི་དཀྲོག་གཏམ་གང་བྱུང་སྤེལ་ཏེ། ཡུལ་མི་ཚོར་བོད་པ་ནི་འཇིགས་སྣང་བྱེད་དགོས་ས་ལྟ་བུ་ཞིག་བཟོ་བཞིན་པའི་ལས་འགུལ་དེ་ལྟ་བུར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ང་ཚོའི་ངོས་ནས་བོད་པ་ཚོ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེའི་དབུ་འཁྲིད་འོག་འཛམ་གླིང་གི་ཆེས་ཧུར་བརྩོན་དང་ཞི་བདེ་ལ་དགའ་བའི་སྐྱབས་བཅོལ་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ཕྱི་ལོ་༡༩༥༩ ལོར་རྒྱ་གར་གཞུང་གིས་བོད་པ་སྐྱབས་བཅོལ་བ་ཚོ་ཕྱིར་མ་ལོག་བར་དུ་རྒྱ་གར་ནང་གཞིས་ཆགས་ཏེ་སྡོད་ཆོག་པའི་ཐོབ་ཐང་ཚང་མ་སྤྲད་ཡོད་སྐོར་བརྗོད་འདུག

ཡང་སྙན་ཞུའི་ནང་ལས་འགུལ་སྤེལ་མཁན་ཚོར་དོ་ནན་པོ་དང་གུས་ཞབས་ཡོད་པའི་ངང་ནས་ཞུ་རྒྱུར། ཁྱེད་རྣམས་ཀྱིས་ལས་དོན་ག་རེ་བྱས་ཀྱང་བོད་པ་ཚོའི་བདེ་འཇགས་དང་སྲུང་སྐྱོབ་ལ་མི་གནོད་པའི་ཐོག་ནས་བྱེད་པ་དང་། དེ་བཞིན་ལས་འགུལ་དེར་རྒྱབ་སྐྱོར་བྱེད་མཁན་རྒྱ་ཆེ་སྤུན་ཟླ་ཕོ་མོ་ཡོངས་ལ་གུས་པས་ཞུ་རྒྱུར། ཁྱེད་རྣམས་ནས་གཞི་རྩ་གང་ཡང་མེད་པའི་ལས་འགུལ་དེ་དང་། ལས་འགུལ་མགོ་འཁྲིད་མཁན་ཚོས་ཆབ་སྲིད་དཀྲོག་གཏམ་རིགས་ལ་ཡིད་ཆེས་མི་བྱེད་པའི་རེ་སྐུལ་ཞུ་བཞིན་ཡོད། ཅེས་དང་། མཇུག་ཏུ་དོ་ནན་ཆེན་པོས་ཞུ་རྒྱུ་ཞིག་ལ་ཐེངས་འདིའི་ལས་འགུལ་དེ་ནི་ཁྱེད་ཚོས་གཞི་རྩ་གང་ཡང་མེད་པར་བཟོས་པ་ཞིག་ཡིན་སྟབས། སླད་ཕྱིན་མི་དེ་དག་གིས་ང་ཚོའི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་སོགས་ལ་ངན་སྨྲོས་བྱེད་བཞིན་པར་ང་ཚོས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་ཡ་ལན་སློག་རྒྱུ་ཡིན། ཞེས་འཁོད་འདུག

ཨ་རུ་ན་ཅལ་སློབ་ཕྲུག་ལས་འགུལ་མཐུན་ཚོགས་ཀྱིས་ངོ་རྒོལ་སྐད་འབོད་ཙམ་མ་ཟད། ཡུལ་དེའི་རྫོང་དཔོན་གཞོན་པའི་མཚན་ཐོག་ལ་སྙན་ཞུ་ཞིག་ཕུལ་ཏེ།  བཙན་བྱོལ་བོད་མི་རྣམས་དང་འབྲེལ་བའི་དགོས་འདུན་དོན་ཚན་ཁག་ཅིག་བགྲེངས་ཡོད་པའི་ནང་།  བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་དང་། བོད་མི་རྣམས་ལ་ཁྲིམས་འགལ་གྱི་ཐོག་ནས་དམིགས་བསལ་ཁེ་དབང་ཡོད་པའི་ཚོགས་སྡེའི་ལག་ཁྱེར་དང་། བཙན་བྱོལ་བོད་མི་རྣམས་ལ་ཚོང་རྒྱག་ཆོག་པའི་ལག་ཁྱེར་བཅས་ཕྱིར་བསྡུ་དགོས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནས་ཨ་རུ་ན་ཅལ་གྱི་བོད་མི་རྣམས་ཀྱིས་རྒྱ་གར་མི་སེར་ལག་ཁྱེར་དང་དམིགས་བསལ་ཁེ་དབང་གི་ཚོགས་སྡེའི་ལག་ཁྱེར་མི་ལེན་པའི་ཁས་ལེན་ཡི་གེ་དགོས། བཙན་བྱོལ་བོད་མི་རྣམས་བཅད་མཚམས་ལྡན་པའི་གཞིས་ཆགས་སུ་ཕྱིར་འཕུད་གཏོང་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཡོད་འདུག

ཡང་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ། ཐེངས་འདིའི་ངོ་རྒོལ་ལས་འགུལ་དེ་ནི་མོན་པ་ཚོས་སྤེལ་བ་ཡིན་པའི་གནས་ཚུལ་ཞིག་འགྲོ་བཞིན་ཡོད་པ་ལྟར། དེ་རིང་མོན་ཡུལ་ནས་ཡིན་པའི་འབྲས་སྤུངས་ཚོགས་ཆེན་དང་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དྲུང་ཆེ་ཟུར་པ་དགེ་བཤེས་བསྟན་པ་རིག་འཛིན་ལགས་ཀྱིས་སྐུ་སྒེར་གྱི་ངོ་དེབ་སྟེང་གསལ་བཤད་ཅིག་སྤེལ་ཡོད་པའི་ནང་། ཉེ་ཆར་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཚ་ཚ་འུར་འུར་གྱིས་གླེང་བཞིན་པ་ནི། ཨ་རུ་ན་ཅལ་མངའ་སྡེའི་ནང་ཀློ་པའི་སློབ་ཕྲུག་ཚོས་བོད་མི་སྐྱབས་བཅོལ་བ་ཕྱིར་འཕུད་དགོས་པའི་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པའི་ཐད། ཤེས་པ་དང་མ་ཤེས་པ་མང་པོས་བསམ་ཚུལ་ཡིན་མིན་སྣ་ཚོགས་སྤེལ་ཏེ། བོད་པ་དང་མོན་པའི་འབྲེལ་ལམ་དཀྲུག་ཐབས་ལ་འབད་པ་མ་ཟད། ཁུངས་ལྡན་གནས་ཚུལ་ལ་གཞིགས་ན། རྒྱ་ནག་ནང་གུང་ཁྲན་ཏང་གིས་གོང་གི་གནས་ཚུལ་དེ་མང་ཚོགས་ལ་བརྙན་ལམ་ནས་བསྟན་ཏེ་དགའ་བསུ་བྱེད་མུས་ཡིན་པ་ཐོས་སྟབས། རང་ཉིད་མོན་འབངས་སུ་སྐྱེས་ཤིང་། ཕ་མེས་ཡང་མེས་བོད་ཀྱི་གདུང་རྒྱུད་དུ་གཏོགས་ལ། ༸གོང་ས་༸རྒྱལ་བ་རིན་པོ་ཆེ་རྩ་བའི་བླ་མ་ཡིན་པ་དང་། བོད་ས་གུང་ཁྲན་གྱིས་ཧམ་བཟུང་མ་བྱས་པའི་སྔ་རོལ་ནས་གདན་ས་གསུམ་གཙོས་རིས་མེད་དགོན་སྡེ་ཁག་མོན་པའི་སློབ་གཉེར་ཞུ་ཡུལ་ལྟེ་གནས་ཡིན་པ་སོགས་ལས། འདིར་ཁོ་བོས་གསལ་བཤད་གནད་བསྡུས་ཤིག་ཞུ་བ་ཡིན། ཞེས་འཁོད་འདུག

ཡང་གསལ་བཤད་ནང་ངོ་རྒོལ་བྱེད་མཁན་དེ་དག་མོན་པ་མིན་པའི་སྐོར་ལ་ཁོང་གིས། མང་ཆེ་བས་ཨ་རུ་ན་ཅལ་གླེང་དུས་མོན་པ་རྐྱང་བ་འདུས་སྡོད་བྱེད་ཡུལ་རྒྱ་གར་གྱི་མངའ་སྡེ་ཞིག་ཏུ་མཐོང་བ་ནོར་བ་ཡིན་ཏེ། མངའ་སྡེ་དེའི་ནང་རྫོང་ཁག་ ༢༣ དང་། ཕྱི་ལོ་༢༠༡༡ ལོའི་མི་འབོར་ ༡༣༨༢༦༡༡ ཡིན་པ་ལས། མོན་པ་རྐྱང་བ་ཡོད་པའི་རྫོང་ནི་རྟ་དབང་རྫོང་གཅིག་པུ་ཡིན་ཞིང་། ངོ་རྒོལ་ཁྲོམ་སྐོར་བྱེད་ཡུལ་ནུབ་ཀཱ་མེང་རྫོང་དུ་མོན་པ་དང་ཀློ་པ། འབྲུག་པ། རྒྱ་གར་བ་དང་བལ་པོ་སོགས་མི་རིགས་སྣ་ཚོགས་འདུས་ཡོད་ལ། མོན་པའི་མི་འབོར་ནི་ ༤༠༠༠༠ ཡས་མས་བཤད་བཞིན་འདུག་པས། རྒྱ་གར་ནང་མོན་པ་གྲངས་ཉུང་ཡིན་པ་ཙམ་དུ་མ་ཟད། ཨ་རུ་ན་ཅལ་མངའ་སྡེའི་ནང་དུའང་གྲངས་ཉུང་མི་རིགས་ཡིན་ཕྱིར། མོན་པས་བོད་པར་རྒོལ་ཟེར་བ་དག་ནི་དཀྲུག་ཤིང་དང་དམིགས་ཡུལ་ངེས་ཅན་ཡོད་བཟོ་འདུག་ན། མཁྱེན་ཡངས་རྣམ་པས་ཐུགས་གཟབ་འཚལ། ཞེས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༢༠

Leave a Reply

5 thoughts on “ཨ་རུ་ན་ཅལ་སློབ་མའི་ངོ་རྒོལ་ནི་གཞི་རྩ་གང་ཡང་མེད་པ་ཞིག་རེད།

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེh

    ཆབ་་སྲིད་མི་སྣས་ཆབ་སྲིད་ཟློས་གར་འཁྲབ་།
    ཞི་བའི་མི་མང་མགོ་བོ་འཐོམ་དུ་བཅུག་།
    ཆབ་སྲིད་མི་སྣས་ཆབ་སྲིད་མགོ་འཁོར་འོག་།
    ཉམས་ཆུང་མི་མང་འགྲོ་སྡོད་དཀའ་བོ་བཟོས་།