ཧོང་ཀོང་སྤྱི་ཁྱབ་ཟུར་པར་ཁྲིམས་ཐག་བཅད།

ཧོང་ཀོང་སྤྱི་ཁྱབ་ཟུར་པ་ཌོ་ནལ་ཌི་ཚང་གིས་དབང་ཆ་ལོག་སྤྱོད་བྱས་པའི་ཉེས་མིང་འོག་ཟླ་ ༡༠ ལ་བཙོན་འཇུག་དང་ཨ་སྒོར་འབུམ་གཅིག་གི་ཉེས་ཆད་བཅད་ཡོད་འདུག

 ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཧོང་ཀོང་ཁྲིམས་ཁང་གིས་ཧོང་ཀོང་སྤྱི་ཁྱབ་ཟུར་པ་ཌོ་ནལ་ཌི་ཚང་(Donald Tsang)གིས། ཕྱི་ལོ་ ༢༠༡༠ ནས་ ༢༠༡༢ བར་ཧོང་ཀོང་སྤྱི་ཁྱབ་ཀྱི་འགན་འཁུར་སྐབས་དབང་ཆ་ལོག་སྤྱོད་བྱས་ཡོད་པའི་དོགས་གཞིའི་ཐོག་ཁྲིམས་བཤེར་བྱས་ཡོད་པ་དང་། ཁྲིམས་རྩོད་པ་ ༣ ནས་ཁ་གཅིག་གྲགས་ཐོག་ཁོས་རང་ཉིད་ཀྱི་འདོད་དོན་སྒྲུབ་ཕྱིར་དབང་ཆ་ལོག་སྤྱོད་བྱས་པའི་ནག་ཉེས་གཡོགས་ཡོད་སྟབས། ཉེས་ཆད་ཨ་སྒོར་འབུམ་ ༡།༢ དང་ཟླ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་དེ་བཙོན་ཁང་དུ་བཅུག་ཡོད་ཀྱང་། ཡུན་རིང་མ་འགོར་པར་གློ་བུར་དུ་དབུགས་སྟོད་ལ་ཚང་སྟེ་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་འདུག

སྤྱི་ཁྱབ་ཟུར་པ་ཌོ་ནལ་ཌི་ཚང་གིས་རང་ཉིད་རྒས་ཡོལ་ཐོན་སྐབས་སྡོད་གནས་སུ་དམིགས་ཏེ། ཧོང་ཀོང་ཉེ་འཁྲིས་ཀྱི་རྒྱ་ནག་གི་གྲོང་ཁྱེར་ཧྲིན་ཀྲིན་ནང་ཐོག་རྩེག་ ༣ ཅན་གྱི་ཁང་པ་ཞིག་གཡར་བར་སྐད་ཆ་བཤད་ཡོད་པ་དང་། ཁང་པའི་བདག་པོ་བྷིལ་ཝོན་ཁྲོ་བྷོ་ལ་ཧོང་ཀོང་ནང་རླུང་འཕྲིན་ཁང་གསར་འཛུགས་ཀྱི་ཆོག་མཆན་སྤྲད་ཡོད་པ་ཤེས་རྟོགས་བྱུང་ཡོད་སྟབས། ལྐོག་རྔན་བླངས་བའི་ཉེས་མིང་འོག་ཌོ་ནལ་ཌི་ཚང་འཛིན་བཟུང་བྱས་ཏེ་ཟླ་ ༢༠ རིང་བཙོན་འཇུག་བྱས་པ་དང་། ཉེས་ཆད་ཨ་སྒོར་འབུམ་ ༣༨ བཅད་ཡོད་འདུག འོན་ཀྱང་། བཙོན་ཁང་དུ་ཟླ་ ༤ ལས་འདུག་མ་དགོས་པར་ཁྲིམས་རྩོད་པ་བརྒྱུད་གཏའ་དངུལ་བཞག་སྟེ་ཀློད་གྲོལ་བཏང་ཡོད་འདུག

ཚང་གིས་ཁོ་རང་གི་ཁྲིམས་ཆད་དེར་ངོས་ལེན་མ་བྱས་པར་བསྐྱར་དུ་ཁྲིམས་གཏུག་བྱས་པ་བརྒྱུད་ད་ལན་ཚང་ལ་བཙོན་འཇུག་ཁྲིམས་ཐག་བཅད་རྗེས། ཚང་གི་བཟའ་ཟླ་སི་ལེ་ན་ཚང་(Selina Tsang Pou-mei)གིས། དེ་རིང་ང་ལ་བློ་ཕམ་ཞེ་དྲགས་བྱུང་བ་མ་ཟད། སེམས་ལ་ན་ཟུག་རྒྱག་གི་འདུག ཅེས་བརྗོད་ཡོད་པ་དང་། ཚང་གི་ཁྲིམས་རྩོད་པ་སིལ་ཡེན་སིག་(Selwyn Yu SC)ཟེར་བ་དེས། ཚང་བཟའ་མི་གསུམ་གྱིས་གྱོད་དོན་དེ་ཆེས་མཐོའི་ཁྲིམས་ཁང་དུ་ཞུ་གཏུག་བྱ་རྒྱུ་ཡིན་པ་མ་ཟད། ཌོ་ནལ་ཌི་ཚང་གཏའ་དངུལ་འོག་བཙོན་ནས་ལེན་རྒྱུ་ཡིན་སྐོར་བརྗོད་འདུག

བརྒྱུད་ལམ་ཁག་གི་གནས་ཚུལ་ནང་། ད་ལན་ཁོ་ལ་བཙོན་འཇུག་དུས་ཡུན་ཇེ་ཉུང་དང་ཉེས་ཆད་ཀྱང་ཉུང་ངུ་ཞིག་ལས་བཏང་མེད་པ་ནི། གཅིག་ནས་ཁོང་ནི་སྤྱི་ཚོགས་ཞབས་ཞུ་བསྒྲུབས་པའི་ལས་ཟུར་ཞིག་ཡིན་པ་དང་། གཉིས་ནས་ཁོང་་ཚོང་པ་དང་ཕྱུག་བདག་མིན་སྟབས་རྒས་ཕོགས་དང་གསོག་དངུལ་ཁོ་ནར་བརྟེན་ནས་འཚོ་དགོས་ཀྱི་ཡོད་པ་སོགས་ཀྱིས་ཡིན་འདུག

ཌོ་ནལ་ཌི་ཚང་ནི་ད་ལྟ་རང་ལོ་ ༧༣ དང་། ཁོང་བཟའ་ཚང་གཉིས་ལ་བུ་གཉིས་ཡོད་འདུག་ལ། ཁོང་ནི་དབྱིན་གཞུང་གིས་ཕྱི་ལོ་ ༡༩༩༧ ལོར་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་རྗེས་ཀྱི་ཧོང་ཀོང་སྤྱི་ཁྱབ་གཉིས་པ་དང་། ད་ལྟའི་བར་གྱི་ཧོང་ཀོང་སྤྱི་ཁྱབ་ཞིག་ལ་བཙོན་འཇུག་ཁྲིམས་ཆད་ཕོག་པ་ཐོག་མ་དེ་ཆགས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༧/༢༡

Leave a Reply