ཉི་ཧོང་གིས་ཨ་རིར་རྒོལ་བའི་ལངས་ཕྱོཊ་གསལ་པོ་བསྟན་སོང་ཟེར།

ཉི་ཧོང་གིས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལ་ཚོང་ཁྲལ་བརྒྱ་ཆ་ ༩༤ ཆག་ཡང་གཏོང་རྒྱུ་ཡིན་པའི་གྲོས་ཆོད་བཞག་པ་དེས་ཊོམ་ཕུ་གཞུང་གི་ཕྱི་ཕྱོགས་ཚོང་འབྲེལ་རྒྱལ་ཁྲལ་སྤར་བའི་སྲིད་བྱུས་གསར་པ་ཕམ་ཉེས་གཏང་སྟེ་ཨ་རི་ཟུར་འཕུད་གཏོང་བའི་ཐབས་ཇུས་བཏོན་པ་རེད་ཟེར།དེ་རིང་མགོ་འཛུགས་ཀྱིས་ཉིན་གྲངས་ ༢ རིང་ཨར་ཇིན་ཌི་ནའི་རྒྱལ་ས་བྷུ་ནོ་སི་ཨེར་སི་(Buenos Aires) ནང་འཛམ་གླིང་གི་རྒྱལ་ཁབ་ ༢༠ ལྷན་ཚོགས་འཚོགས་བཞིན་ཡོད་པ་དང་། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ནས་ཨ་རིའི་ཚོང་འབྲེལ་སྲིད་བྱུས་གསར་པར་མོས་མཐུན་མེད་པའི་ཚོང་འབྲེལ་དམག་འཐབ་གསར་པ་ཞིག་གི་མགོ་བརྩམས་ཡོད་པའི་སྐབས་འདིར། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཆེས་མཐོའི་འཛིན་སྐྱོང་གི་འགན་འཛིན་ཌོ་ནལ་ཊ་སིག་(Donald Tusk) དང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་གཙོ་ཇན་ཁི་ལོ་ཌི་ཇོན་ཁིར་(Jean-Claude Juncker) གཉིས་ཉི་ཧོང་ནང་ཆེད་ཕེབས་ཀྱིས། ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁོངས་ནས་ཉི་ཧོང་ནང་ཚོང་ཟོག་ནང་འདྲེན་བྱེད་པར་རྒྱལ་ཁྲལ་བརྒྱ་ཆ་ ༩༤ དང་། ཉི་ཧོང་ནས་ཚོང་ཟོག་འདྲེན་བྱེད་པར་ཚོང་ཁྲལ་བརྒྱ་ཆ་ ༩༩ གཅོག་རྒྱུ་ཡིན་པའི་གྲོས་ཆོད་བཞག་ཡོད་པ་དང་། ཚོང་འབྲེལ་གྲོས་ཆོད་དེ་འཛམ་གླིང་གི་ཕྱི་ཕྱོགས་ཚོང་འབྲེལ་སྒོ་འབྱེད་ཤུགས་ཆེ་ཤོས་ཆགས་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་འདུག

ཐེངས་འདིའི་རྒྱལ་ཁབ་ ༢༠ ལྷན་ཚོགས་ཐོག་རྒྱལ་སྤྱིའི་ཚོང་འབྲེལ་སྲིད་བྱུས་དོ་མ་མཉམ་པའི་དཀའ་རྙོག་ཐད་བཅོས་སྒྲིག་གི་ནུས་པ་འདོན་ཐུབ་རྒྱུ་ཁག་པོ་ཆགས་ཡོད་འདུག ཊོམ་ཕུ་གཞུང་གིས་རྒྱལ་ཁྲལ་སྤར་བའི་ཕྱི་ཕྱོགས་ཚོང་འབྲེལ་སྲིད་བྱུས་ལ་རྒྱ་ནག་གི་གཙོས་ཡུ་རོབ་རྒྱལ་ཁབ་ཁག་མང་པོ་ཞིག་དང་། མེ་གླིང་གི་རྒྱལ་ཁབ་གཙོ་བོ་དག་གིས་སྐྱོན་བརྗོད་དང་རྒོལ་ལན་སློག་གིན་ཡོད། ཡིན་ནའང་། ཉི་ཧོང་ཕྱོགས་ནས་ད་ལྟའི་བར་དུ་ཨ་རིའི་ཚོང་འབྲེལ་སྲིད་བྱུས་གསར་པར་བཟང་ངན་གྱི་རྣམ་འགྱུར་གང་ཡང་བསྟན་མེད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་སྲིད་བློན་ཤིང་རྫོ་ཨ་བྷེ་མཆོག་གི་ལངས་ཕྱོགས་གསལ་བོར་བསྟན་ཏེ། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལྷན་དུ་རྒྱལ་ཁྲལ་ཧ་ལམ་མེད་པ་བཟོས་པའི་གྲོས་ཆོད་དེས། ཊོམ་ཕུ་གཞུང་གི་ཕྱི་ཕྱོགས་ཚོང་འབྲེལ་སྲིད་བྱུས་དོ་ནན་དུ་གཏོང་བའི་གོམ་པ་དང་པོ་དེར་རྒྱབ་འགལ་དང་ཡང་ན་། འཛམ་གླིང་ཕྱི་ཕྱོགས་ཚོང་འབྲེལ་གྱི་ཁོངས་ནས་ཨ་རི་ཟུར་འཕུད་གཏོང་བའི་སྲིད་བྱུས་གཏིང་ནག་པོ་ཞིག་མགོ་འཛུགས་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

ཉི་ཧོང་དང་ཡུ་རོབ་མཉམ་འབྲེལ་གྱི་ཚོང་དོན་གྲོས་ཆོད་སྐོར་གྱི་གསར་འགོད་གསལ་བསྒྲགས་སྐབས། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་ཌོ་ནལ་ཊ་སིག་ (Donald Tusk) གིས། དེ་རིང་ནི་ཉི་ཧོང་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཁོ་ན་མིན་པར། འཛམ་གླིང་འདིའི་ནང་ཕན་ཚུན་ལ་བརྩི་བཀུར་དང་མཉམ་འབྲེལ་ལ་ཡིད་ཆེས་བརྟན་པོ་ཡོད་པའི་མི་ཚོ་ཡང་ཧ་ཅང་དགའ་དགོས་པ་ཞིག་རེད། འདི་ནི་གཏན་ལ་ཕབ་ཡོད་པའི་རྒྱལ་སྤྱིའི་རང་དབང་གི་ཚོང་འབྲེལ་སྒྲིག་གཞི་དང་མཐུན་པའི་ཚོང་དོན་གྲོས་ཆོད་ཅིག་རེད་ལ། མང་པོ་ཞིག་གིས་རང་དབང་གི་སྒྲིག་གཞི་དེ་ལ་དོགས་སློང་བྱེད་ཀྱི་ཡོད་ཀྱང་། ད་ནི་དངོས་སུ་ལག་བསྟར་བྱེད་པའི་མགོ་འཛུགས་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག

སྲིད་བློན་ཤིང་རྫོ་ཨ་བྷེ་མཆོག་སྒེར་གྱི་སྤྱི་ཚོགས་དྲ་ལམ་དུ། ཁོང་དང་སྲིད་འཛིན་ཊོམ་ཕུ་གཉིས་སྒེར་གྱི་འབྲེལ་བ་ཧ་ཅང་ཡག་པོ་ཡོད་སྐོར་གསུངས་ཡོད་པ་ཙམ་ལས། ཐེངས་འདིའི་རང་དབང་གི་ཚོང་འབྲེལ་གྲོས་ཆོད་དེས་ཨ་རིའི་ཚོང་འབྲེལ་སྲིད་བྱུས་གསར་པར་ཤུགས་རྐྱེན་ག་འདྲ་ཐེབས་མིན་སོགས་གསུངས་པའི་གནས་ཚུལ་གང་ཡང་མི་འདུག

ཉི་ཧོང་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་བར་རང་དབང་གི་ཚོང་འབྲེལ་གྲོས་ཆོད་དེའི་སྐོར་ལ་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡༢ ནང་ཐོག་མར་གྲོས་མོལ་བྱུང་ཡོད་པ་དང་། ཟླ་འདིའི་ཟླ་མགོར་དངོས་སུ་གྲོས་མཐུན་མཚན་རྟགས་སྐྱོན་འཆར་ཡོད་ཀྱང་། ཉི་ཧོང་ནང་བདུན་ཕྲག་འགར་བསྟུད་མར་དྲག་ཆར་ཤུགས་ཆེན་བབས་ཏེ་ཉུང་མཐར་མི་གྲངས་ ༢༠༠ ལྷག་རྐྱེན་འདས་སུ་ཕྱིན་པ་སོགས་མི་རྒྱུ་གཉི་ཀར་གོད་ཆག་ཆེན་པོ་བྱུང་བར་བརྟེན། ཐུག་འཕྲད་དུས་འགྱངས་བྱས་ཏེ་ཡུ་རོབ་མཉམ་འབྲེལ་གྱི་འཐུས་མི་ཉི་ཧོང་ནང་ཆེད་ཕེབས་ཀྱིས་ཚོང་དོན་དེར་མཚན་རྟགས་བསྐྱོན་ཡོད་འདུག འོན་ཀྱང་། གྲོས་ཆོད་དེ་དངོས་སུ་ལག་བསྟར་ཡོང་བར་ཡུ་རོབ་མཉམ་འབྲེལ་གྱི་འཐུས་མི་ཚོས་མོས་མཐུན་གནང་དགོས་ཀྱི་ཡོད་འདུག

ཉི་ཧོང་ནི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱ་ནག་ཕུད་པའི་ཚོང་རོགས་ཆེ་ཤོས་དེ་ཡིན་ཞིང་། ཕྱོགས་གཉི་ཀའི་ཆང་རག་དང་རྒུན་ཆང་ནི་བྲིན་ཆེ་ཤོས་ཤིག་ཆགས་ཡོད་འདུག ད་ལན་གཏན་འབེབ་བྱུང་བའི་གྲོས་ཆོད་ནང་ཉི་ཧོང་གི་ཇ་ལོ་དང་རྒུན་ཆང་། ཅོག་ལེ་ (Chocolate) སོགས་ཞོར་ཟས་རིགས་དང་། དེ་བཞིན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཁུངས་ནས་ཕྱུ་ར་དང་གླང་ཤ་སོགས་ཚོང་ཟོག་སྣ་མང་ཞིག་འདུས་ཡོད་འདུག

ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་རང་དབང་གི་ཚོང་འབྲེལ་བཞག་པ་དེ་ཐེངས་དང་པོ་མིན་པར། ཁེ་ན་ཌ་དང་མེག་སི་ཀོ་སོགས་ལ་རང་དབང་ཚོང་འབྲེལ་གྱི་གྲོས་ཆོད་བཞག་ཡོད་པ་དང་། དེ་བཞིན། ཝེ་ཐི་ནམ་དང་སིང་གྷ་པུར་ལའང་རང་དབང་ཚོང་འབྲེལ་ཡོང་བར་གྲོས་འཆར་འགོད་ཀྱི་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་སྲིད་འཛིན་ཊོམ་ཕུས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཨ་རིར་ཚོང་འབྲེལ་བཞག་སྟེ་ཁེ་བཟང་ཆེན་པོ་བླངས་ཡོད་སྟབས། རྒྱ་ནག་དང་ར་ཤི་ཡ་ལྟར་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱང་ཨ་རིའི་ཚོང་འབྲེལ་དགྲ་བོ་ཡིན་ལུགས་བསྒྲགས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༧/༢༡

Leave a Reply

One thought on “ཉི་ཧོང་གིས་ཨ་རིར་རྒོལ་བའི་ལངས་ཕྱོཊ་གསལ་པོ་བསྟན་སོང་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས་་ཉེh

    ཆབ་་སྲིད་མི་སྣས་རང་དོན་སྒྲུབས་ཐབས་སུ་།
    ཚོང་དང་ཆབ་་སྲིད་འཁོར་ཡུག་སྲུངས་སྐྱོབས་སོགས་།
    རང་དོན་འགྲུབ་པའི་དམིགས་ཡུལ་ངན་པའི་འོག་།
    འཛམ་གླིང་མི་མང་མགོ་བོ་རྨོངས་དུ་བཅུག་།