སྨན་རྩིས་ཁང་གི་པར་སྐྲུན་སྡེ་ཚན་དབུ་འབྱེད་གནང་།

སྨན་རྩིས་ཁང་གི་པར་སྐྲུན་སྡེ་ཚན་དབུ་འབྱེད་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་ནས་ང་ཚོའི་སྤྱི་ཚོགས་ཁྲོད་ཤེས་བྱ་རིག་གནས་དང་ལྷག་པར་དུ་དགོན་སྡེ་ཁག་ནས་གཞུང་ལུགས་ལ་སློབ་གཉེར་མཐར་ཕྱིན་པ་བྱས་ཏེ་དགའ་ལྡན་ཁྲི་པའི་ཁྲི་ཐོག་ལ་སླེབས་གྲབས་ཡོད་མཁན་ཚོའི་ནང་དུ་མཆིན་པའི་གཉན་ཚད་ཡོད་པའི་བློ་འཚབ་ཡོང་བ་དེ་རང་བཞིན་ཞིག་ཆགས་ཡོད་སྐོར་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་། སྦིར་ཅོན་ཏ་ར་གཞིས་ཆགས་སུ་ཡོད་པའི་བོད་ཀྱི་སྨན་རྩིས་ཁང་གི་ཅོན་ཏ་ར་གསོ་བ་རིག་པའི་བརྟག་དཔྱད་སྨན་ཁང་དུ་པར་སྐྲུན་སྡེ་ཚན་ཞིག་དབུ་འབྱེད་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། དམིགས་བསལ་སྐུ་མགྲོན་ལ་འཕྲོད་བསྟེན་དྲུང་ཆེ་སྦྲ་གཉིས་ཚེ་རྒྱལ་ལགས། དྲུང་འཕར་ཡེ་ཤེས་དབང་མོ་ལགས། དེ་བཞིན་རྫོང་སར་བཤད་གྲྭ་དང་ཟབ་གསལ་ཆོས་འཁོར་གླིང་། སྒོ་མང་དགོན་བཅས་ཀྱི་མཁན་རིན་པོ་ཆེ་རྣམ་པ། ཅོན་ཏ་ར་བོད་ཁྱིམ་དང་སམ་བྷོ་ཊ་སློབ་གྲྭའི་འགན་འཛིན་རྣམ་གཉིས། ས་གནས་གཞིས་ཆགས་གསུམ་གྱི་ས་གནས་མགོ་འཛིན། གཞན་ཡང་། སྨན་རྩིས་ཁང་གི་དབུ་ཚེ་རིང་བཀྲ་ཤིས་ལགས་ཀྱི་གཙོས་སྨན་རྩིས་མཐོ་སློབ་ཀྱི་སློབ་གཉེར་བ་ཁག་ཅིག་བཅས་མི་གྲངས་ ༥༠ ལྷག་ཅིག་འཛོམས་འདུག

མཛད་སྒོའི་ཐོག་མར་འཕྲོད་བསྟེན་བཀའ་བློན་མཆོག་ནས་ཅོན་ཏ་ར་སྨན་རྩིས་ཁང་གི་པར་སྐྲུན་སྡེ་ཚན་དབུ་འབྱེད་གནང་རྗེས། སྨན་རྩིས་ཁང་གི་འགན་འཛིན་ལགས་ནས་ཅོན་ཏ་ར་སྨན་རྩིས་ཁང་ཁྱོན་ཡོངས་དང་ཡང་སྒོས་སྨན་རྩིས་པར་སྐྲུན་སྡེ་ཚན་སྡེ་སོགས་ཀྱི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་དོན། ཞིང་གཤེགས་སྲས་དོན་ཡོད་ལགས་ནས་སྦིར་སྡེ་དགེ་ཚོགས་པའི་མི་མང་ལ་བཀའ་སློབ་ལམ་སྟོན་གནང་བ་ལྟར། མི་ཚང་ ༣༨ གྱི་ས་ཁོངས་སྨན་རྩིས་ཁང་ལ་གནང་བ་ནས་བཟུང་། སྨན་རྩིས་ཁང་གི་ལས་གཞི་འདྲ་མིན་རིམ་བཞིན་ཚགས་སུ་ཚུད་པ་བྱུང་ཡོད། སྨན་རྩིས་ཁང་གི་ལས་གཞི་དང་པོ་དེ་ཚེ་རིང་བདེ་སྐྱིད་ཚང་གི་ལས་ཤག་ཅིག་བགྲེས་ཡོལ་དུ་ཕེབས་མཁན་ཚོར་མཐུན་རྐྱེན་དུ་བསྐྲུན་ཡོད་པ་ལྟར། ཁོང་རྣམ་བོད་དོན་ཉག་ཕྲའི་སྐབས་སུ་སྨན་རྩིས་ཁང་ལ་ཞབས་ཞུ་ཞུ་མཁན་གྱི་གྲས་ཡིན་སྟབས། ད་ལྟའི་ཆར་བགྲེས་ཡོལ་དུ་ཕེབས་མཁན་གྲངས་ ༡༡ ལ་ སྨན་རྩིས་ཁང་ནས་བགྲེས་ཤག་ཡག་པོ་རེ་སྤྲད་པ་ཙམ་མ་ཡིན་པར་རྒྱུན་མཁོའི་གཟིགས་སྐྱོང་དང་། ལྷག་པར་འཕྲོད་བསྟེན་ཞབས་ཞུ་སོགས་འདོད་པ་ཚིམ་པ་ཡོད། ཅེས་བརྗོད་སོང་།

དེ་བཞིན་སྦིར་ཅོན་ཏ་ར་ཁུལ་དུ་ཡོད་པའི་དབུས་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་ཏུ་སྨན་པ་དང་ལས་བྱེད་ག་ཚོད་པའི་སྐོར་ལ། ཅོན་ཏ་ར་གསོ་རིག་སློབ་གཉེར་ཁང་དང་ཉམས་ཞིབ་ཁང་ལ་སྨན་པ་ ༧ དང་ལས་དྲུང་ ༡ ཡོད། འཛིན་སྐྱོང་སྟབས་བདེའི་དགེ་ཕན་ཏུ་གཟིགས་ཏེ་ཅོན་ཏ་ར་སྨན་ཁང་དང་སྦིར་སྨན་ཁང་གཉིས་ཀྱི་ཁོངས་སུ་ཡོད་པ་ཅོན་ཏ་ར་སྨན་ཁང་ལ་སྨན་པ་ ༡ དང་ལས་བྱེད་ ༥ ཡོད། སྦིར་སྨན་ཁང་ལ་སྨན་པ་ ༢ དང་ལས་བྱེད་ ༣ ཡོད། དབུས་སྨན་སྦྱོར་ཁང་གི་ཡན་ལག་ཅོན་ཏ་ར་སྨན་སྦྱོར་ཁང་དུ་ད་ལྟའི་ཆར་སྨན་པ་ ༡ དང་ལས་བྱེད་ ༢༨ ཡོད།ཅོན་ཏ་ར་སྨན་རྩ་འདེབས་ལས་སྡེ་ཚན་ལ་ལས་བྱེད་ ༥་ཡོད། ཅོན་ཏ་ར་གསོ་རིག་སློབ་གཉེར་དང་ཉམས་ཞིབ་ཁང་ནས་འདས་པའི་ལོ་ངོ་ ༣ ནང་སྨན་པ་དང་འཛིན་སྐྱོང་ལས་བྱེད་རྩིས་པ་སོགས་ལ་རྒྱ་གར་(AYUSH)རོགས་དངུལ་དུས་ནས་དུས་སུ་ཞུས་ཏེ་ཟབ་སྦྱོང་གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད། ལྷག་པར་རྩོམ་སྒྲིག་ཉམས་ཞིབ་སོགས་ཀྱི་ཐོག་ལས་གཞི་རྣམ་གྲངས་གལ་ཆེན་ཁ་ཤས་འགྲོ་མུས་སུ་ཡོད། གཞན་སྨན་རྩིས་ཁང་གི་ཞུ་སྒོ་གལ་ཆེན་ཞིག་ནི་ནད་པར་ཞབས་ཞུ་ཞུ་རྒྱུ་ཡིན་་པ་ལྟར། སྨན་ཁང་ཁག་ཏུ་སྨན་པ་གུང་གསེང་དུ་སྐྱོད་སྐབས་སུ་སྨན་ཚབ་པ་བཏང་སྟེ་སྡེ་ཚན་དེའི་ལས་འཆར་ལ་འགག་རྐྱེན་འཕྲད་ཕྲན་བུ་འཕྲད་ཀྱི་ཡོད་ན་ཡང་ནད་པར་ཞབས་འདེགས་ཞུ་ཐུབ་པ་བྱུང་ཡོད། ཅེས་བརྗོད་སོང་།

ཡང་༧གོང་ས་མཆོག་གི་བཀའ་བཞིན་མ་འོངས་པར་རྒྱ་ནག་ནང་བོད་སྨན་གྱིས་ཕན་ཐོགས་སྐྲུན་ཆེད་ལས་འཆར་སྒྲིག་བཞིན་ཡོད་སྐོར་ལ་ཁོང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འབྱུང་འགྱུར་བོད་ཀྱི་གསོ་བ་རིག་པའི་རྒྱ་ནག་སྐམ་ས་ཆེན་མོའི་ནང་ཞབས་འདེགས་ཞུ་ཐུབ་མདོག་ཁ་བོ་རེད་ཅེས་གསུངས་པ་ལྟར། ཅོན་ཏ་ར་ནས་རྒྱ་ཡིག་སྡེ་ཚན་བཙུགས་ཏེ་རྒྱ་སྐད་ཤེས་པའི་སྨན་པ་ ༣ ལ་འགན་འཁྲི་བཅོལ་ཡོད། འདས་པའི་ལོ་ངོ་ ༤ ནང་རྒྱ་ཡིག་སྡེ་ཚན་ནས་སྨན་རྫས་རིག་པའི་ལོ་རྒྱུས་དང་གཞུང་ལུགས། ༧གོང་ས་མཆོག་གི་བཀའ་སློབ་དང་སྨན་རྩིས་ཁང་གི་བྱུང་རབས་ལོ་རྒྱུས་སོགས་རྒྱ་ཡིག་ཏུ་དཔར་སྐྲུན་གྱིས་རྒྱ་ཡིག་གི་དྲ་རྒྱ་གསར་བཟོ་བྱས་ཏེ། རྒྱ་ནག་སྐམ་ས་ཆེན་མོ་གཙོའི་ཐའེ་ཝན་དང་ཧོང་ཀོང་། སེངྒ་པོར་སོགས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་རྒྱ་རིགས་རྣམས་ལ་ཕན་ཐོགས་བྱུང་དང་འབྱུང་བཞིན་ཡོད། དེ་བཞིན་སྨན་རྩིས་ཁང་ནས་རྩོམ་སྒྲིག་དང་དཔར་སྐྲུན་བྱས་པའི་བོད་སྨན་གྱི་རྣམ་བཤད་དང་། གསོ་རིག་ཐོན་དངོས་ཀྱི་ཕན་ཡོན་དང་བསྟེན་ཚུལ། ཕྱི་ཚུལ་ཐོན་དངོས་ཀྱི་ཕན་ཡོན་དང་ངོ་སྤྲོད་དེབ་ཆུང་སོགས་རྒྱ་ཡིག་ཏུ་ཕབ་བསྒྱུར་ཟིན་པ་ཡིན་ལ། ཐའེ་ཝན་དང་སེངྒ་པོར་ནས་སྨན་རྫས་སྐོར་བསྐྱོད་རྒྱ་རིགས་དགེ་རྩ་ཚོགས་པ་ཁག་དྷ་སར་ཕེབས་སྐབས་སྣེ་ལེན་ཞབས་ཞུ་སོགས་བྱས་ཡོད་ལ། སྨན་རྩིས་འགྲེམས་སྟོན་ཁང་ནང་གི་སྨན་རྫས་ལོ་རྒྱུས་དང་གསོ་རིག་ཆ་བྱེད། གསོལ་སྨན། སྨན་ཐང་། སྨན་རྫས་སོགས་རྒྱ་ཡིག་ཏུ་བསྒྱུར་ཡོད། ཅེས་བརྗོད་སོང་།

ཐེངས་འདིར་གསར་དུ་དབུ་འབྱེད་གནང་བའི་སྨན་རྩིས་ཁང་པར་སྐྲུན་སྡེ་ཚན་སྐོར་ངོ་སྤྲོད་གནང་སྐབས། སྨན་རྩིས་ཁང་གི་པར་སྐྲུན་སྡེ་ཚན་ནི་ཕྱིའི་སྐད་ཡིག་ནང་ཡོད་པའི་སྨན་རྫས་རིག་པའི་ཤེས་བྱ་དང་ནང་དོན་རིག་པའི་ལྟ་གྲུབ། ལྷག་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལུས་སེམས་སྐོར་ལ་སྩལ་བའི་བཀའ་སློབ་དང་གསུང་རྩོམ་པར་སྐྲུན་མཁོ་སྒྲུབ་བཅས་བྱེད་པའི་སྡེ་ཚན་ཞིག་ཡིན། འདས་པའི་མི་ལོ་ ༦༠་ཙམ་གྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་ཡིན་ན། སྤྱིར་བོད་ཡིག་ཐོག་སྨན་རྫས་རིག་པའི་དཔེ་དེབ་མང་དག་ཅིག་པར་སྐྲུན་བྱས་ཡོད་ན་ཡང་། དེ་དག་མངགས་ཉོ་གནང་མཁན་ཧ་ཅང་ཉུང་ཉུང་ཡིན་པ་དང་བོད་ཡིག་གི་ཁྱབ་རྒྱ་ཆུང་ཆུང་ཡིན་དུས། བོད་ཡིག་གཙོས་སྐད་ཡིག་གཞན་པའི་ཐོག་པར་སྐྲུན་བྱས་ཚེ་འཛམ་གླིང་གི་མི་རིགས་གཞན་ལ་ཕན་ཐོགས་ཡོད་པ་དང་། ལྷག་པར་དུ་སེམས་ཁམས་རིག་པའི་ཐོག་དམིགས་བསལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྱུར་བཞིན་པའི་དགོས་མཁོར་གཟིགས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ལུས་སེམས་སྐོར་ལ་སྩལ་བའི་བཀའ་སློབ་རྣམས་དེབ་ཆུང་དུ་བཟོས་ཏེ་རིམ་པའི་དཔར་སྐྲུན་བྱེད་འཆར་ཡོད། ཅེས་བརྗོད་སོང་།

དེའི་རྗེས་འཕྲོད་བསྟེན་བཀའ་བློན་མཆོག་ནས་སྨན་རྩིས་ཁང་དེ་ཐོག་མར་བོད་ནས་མགོ་བཙུགས་ཏེ་རྗེས་སུ་བཙན་བྱོལ་ནང་དུ་བཙུགས་གནང་ཡོད་པ་དང་། ད་ལྟའི་ཆར་སྨན་རྩིས་ཁང་དེ་བཙན་བྱོལ་ནང་གི་སྒྲིག་འཛུགས་ཆེ་ཤོས་གྲས་ཤིག་ཆགས་ཡོད་ལ། སྨན་རྩིས་ཁང་གི་གསོ་རིག་གི་གཞུང་ལུགས་དང་སྤྱི་ཚོགས་ལ་ཕན་ཐོགས། རྒྱལ་སྤྱིའི་ཐོག་ལ་བོད་པའི་ངོ་བོ་ཁྱབ་བསྒྲགས་སོགས་གང་ས་ཅི་ཐད་ནས་སྨན་དང་གསོ་རིག་གི་བརྒྱུད་ལམ་འདིའི་ཐོགས་ནས་བོད་ལ་ཕན་རླབས་ཆེན་པོ་ཞིག་བསྒྲུབས་ཡོད་པ་རེད། བརྒྱུད་རིམ་དེའི་ཁྲོད་སྨན་རྩིས་ཁང་ཐོག་མར་བཙུགས་པ་ནས་ཡན་ལག་ཁག་དང་སྡེ་ཚན་སོགས་ཤིང་སྡོང་གི་ཡལ་ག་ལྟར་རྒྱས་ཏེ་བསྔགས་བརྗོད་ཞུ་འོས་པ་ཞིག་ཆགས་ཡོད་པ་དང་། ལྷག་པར་དུ་རྒྱ་གར་གཞུང་ཡིན་ན་ཡར་ལ་ལྟ་དགོས་ས་ཞིག་ཆགས་ཡོད་པ་རེད་ལ། དེ་འདྲ་ཞིག་ཆགས་ཐུབ་པ་དེ་མི་རབས་རིམ་པ་བྱས་ཏེ་སྐུ་ལས་སྐྱོན་པའི་འབྲས་བུ་ཞིག་ཆགས་ཡོད་དུས། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་མི་རབས་རྒན་པ་དེ་དག་གི་བཀའ་དྲིན་རྗེས་དྲན་བྱ་དགོས་པ་ཞིག་ཆགས་ཡོད་པ་རེད། ཅེས་གསུངས་སོང་།

ཡང་བོད་པའི་སྤྱི་ཚོགས་ཁྲོད་ལས་རིགས་དཀའ་ངལ་ཆེ་ཤོས་ག་རེ་ཡིན་པའི་སྐོར་ལ་ཁོང་གིས། ད་ལྟའི་ཆར་བོད་པའི་ནང་དངོས་སུ་དྲག་སྐྱེད་ཡག་པོ་མ་ཐུབ་པར་ལྷག་བསྡད་པའི་ནད་དེ་གློ་ནད་ཊི་བྷི་ཆགས་བསྡད་ཡོད་པ་རེད། དེ་བཞིན་འདས་པའི་ལོ་ངོ་ ༡༠་ནང་སེམས་འཚབ་ཆེན་པོ་བྱེད་དགོས་ཞིག་ནི་མཆིན་པའི་གཉན་ཚད་ཀྱི་ནད་དེ་ཆགས་ཡོད་པ་རེད། ནད་དེ་ཡིས་སྤྱི་ཚོགས་ཁྲོད་མང་པོ་ཞིག་ལ་དཀའ་ངལ་འཕྲད་བསྡད་ཡོད་པ་རེད་ལ། མི་ཟེར་བ་དེ་གཟུགས་པོའི་འཕྲོད་བསྟེན་ཡག་པོ་མེད་པནཡིན་ན་མ་འོངས་པར་ལས་ཀ་གང་དང་དམིགས་ཡུལ་ཅི་ཞིག་བསྒྲུབ་འདོད་ཀྱང་ཅི་ཡང་བྱེད་ཐུབ་པ་མ་རེད། ང་རང་འཕྲོད་བསྟེན་བཀའ་བློན་ཡིན་པས་མིན་ན་འཕྲོད་བསྟེན་ལས་གལ་ཆེ་བ་ཞིག་མེད་པ་མཐོང་གི་འདུག་ལ། ང་ཚོའི་སྤྱི་ཚོགས་ཁྲོད་ཤེས་བྱ་རིག་གནས་དང་། ལྷག་པར་དུ་དགོན་སྡེ་ཁག་ནས་གཞུང་ལ་སློབ་གཉེར་མཐར་ཕྱིན་པ་བྱས་ཏེ་དགའ་ལྡན་ཁྲི་པའི་ཁྲི་ཐོག་ལ་སླེབས་གྲབས་ཡོད་པའི་ནུས་པ་ཡོད་མཁན་ཚོའི་ནང་དུ་མཆིན་པའི་གཉན་ཚད་ཡོད་པའི་བློ་འཚབ་རང་བཞིན་ཞིག་ཆགས་བསྡད་འདུག ཅེས་གསུངས་སོང་།

སྨན་རྩིས་ཁང་གི་པར་སྐྲུན་སྡེ་ཚན་ནས་ནད་རིགས་དེ་དག་སྤྱི་ཚོགས་ཁྲོད་ག་འདྲ་བྱས་ཏེ་བྱུང་གི་ཡོད་པའི་ཐད་ཉམས་ཞིབ་བྱེད་དགོས་པའི་སྐོར་ལ་ཁོང་གིས། ནད་རིགས་དེ་དག་ག་འདྲ་བྱས་ཏེ་བྱུང་གི་ཡོད་པ་དང་གསོ་རིག་ཁྲོད་ནས་ནད་རིགས་དེ་དག་ལ་ཕན་ནུས་ག་འདྲ་ཡོད་སོགས་ཀྱི་སྐོར་ནས་ཞིབ་བྱས་ཏེ། དཔེ་དེབ་རིགས་པར་སྐྲུན་དང་ལྷག་པར་དུ་འཕྲོད་བསྟེན་སྐོར་ནས་པར་སྐྲུན་བྱ་ཐུབ་ན་ཕན་ཐོགས་ཡོང་ས་རེད་ལ། ང་རང་ཚོའི་ནམ་རྒྱུན་མཆིན་པའི་གཉན་ཚད་སོགས་ལ་གསོ་རིག་གིས་ཕན་ནུས་འདུག་ཅེས་ཚང་མས་བཤད་བསྡད་ཡོད་པ་ལྟར། ཕན་ནུས་ག་འདྲ་བྱས་ཏེ་ཡོང་གི་ཡོད་པ་དང་། གཞན་ནད་རིགས་དེ་དག་རིགས་བརྒྱུད་ནས་བྱུང་གི་ཡོད་པ་རེད་དམ་ག་འདྲ་བྱས་བྱུང་གི་ཡོད་སོགས་ལ་ང་ཚོའི་སྲོལ་རྒྱུན་གསོ་རིག་ཁྲོད་ནས་ཉམས་ཞིབ་ཡག་པོ་བྱེད་ཐུབ་པ་ཡིན་ན་ཕྱོགས་གང་ཐད་ནས་ཕན་ཐོགས་ཆེན་པོ་ཡོད་པ་དང་། ལྷག་པར་དུ་འཕྲོད་བསྟེན་དང་ནད་རིགས་སྐོར་ལ་ཉམས་ཞིབ་བྱེད་མཁན་མང་པོ་ཡོད་པ་ལྟར། དེ་དག་དང་འབྲེལ་བ་བྱས་ཏེ་ཉམས་ཞིབ་བྱ་ཐུབ་ན་ཡག་པོ་ཡོད་པ་རེད།  ཅེས་གསུངས་སོང་།

སྦིར་ཅོན་ཏ་ར་བོད་པའི་གཞིས་ཆགས་ཉེ་འགྲམ་དུ་ཡོད་པའི་ཅོན་ཏ་ར་སྨན་རྩིས་ཁང་དུ། ད་ལྟའི་ཆར་བོད་ཀྱི་གསོ་བ་རིག་པའི་སློབ་གཉེར་ཁང་དང་ཉམས་ཞིབ་ཁང་། སྨན་རྩྭ་འདེབས་ལས་ཁང་། སྨན་རྩིས་ཁང་གི་རྒྱ་སྐད་སྡེ་ཚན་བཅས་སྡེ་ཚན་ཆེན་པོ་གསུམ་ཡོད་པའི་ཐོག དེ་རིང་སྨན་རྩིས་ཁང་གི་པར་སྐྲུན་སྡེ་ཚན་དབུ་འབྱེད་གནང་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༢༣

Leave a Reply