ཕོ་བྲང་པོ་ཏ་ལར་སྒོ་ཆེན་གཉིས་པ་ཞིག་ཕྱེས།

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལར་སྒོ་ཆེན་གཉིས་པ་ཞིག་ཕྱེས་ཏེ་འཛིན་བྱང་འཚོང་མགོ་བརྩམས་ཡོད་འདུགཔོ་ཏ་ལའི་དྲ་ཚིགས་སུ་ནམ་རྒྱུན་ལྟར་ན། ཉིན་རེར་ལྟ་སྐོར་བ་མི་གྲངས་ ༢༠༠༠ རེ་ཡིན་ན་ཡང་། ད་ལྟའི་ཆར་མི་གྲངས་ཇེ་མང་དུ་ཕྱིན་ཏེ་ཉིན་རེར་ལྟ་སྐོར་བ་ ༥༠༠༠ ལྷག་ཡོང་གི་ཡོད་པ་དང་། ང་ཚོས་ལྟ་སྐོར་བ་ཚོར་ལམ་ཁ་གཉིས་པ་ཞིག་ཕྱེ་དགོས་པའི་དམིགས་ཡུལ་དེ་ལྟ་སྐོར་བ་ཚོའི་བདེ་འཇགས་དང་ཕོ་བྲང་གི་ཁང་རྩེག་ཁག་ལ་སྲུང་སྐྱོབ་ཆེད་ཡིན་ཞེས་བརྗོད་འདུག

ཡང་རྒྱ་ནག་གོ་ལའི་གསར་ཁང་ལ་ཕོ་བྲང་གི་དོ་དམ་ལས་སྣེ་བ་ཞིག་གིས། ལམ་ཁ་གསར་པ་དེའི་ནང་དུ་ཕོ་བྲང་དཀར་པོ་དང་ཕོ་བྲང་གི་བང་མཛོད་སོགས་ཚུད་པའི་ཁྱད་འཕགས་ཀྱི་རིག་དངོས་ ༡༥ ལྷག་ཅིག་ལ་ལྟ་ཐུབ་ཀྱི་ཡོད་མོད། ཡུལ་སྐོར་བའི་འཚང་ཁའི་ཁྲོད་སྲུང་སྐྱོབ་ཆེད་དུ་ཕོ་བྲང་གི་དཀྱིལ་སྙིང་དུ་ཡོད་པའི་ཕོ་བྲང་དམར་པོ་ལམ་ཁ་དེའི་ནང་དུ་ཚུད་ཐུབ་ཀྱི་མེད་པ་རེད། ཅེས་བརྗོད་འདུག

ཐེངས་འདིའི་ཕོ་བྲང་པོ་ཏ་ལའི་ལམ་ཁ་གསར་པ་དེ་ནི་ཤིང་དུམ་དང་འདམ་སོགས་ཀྱིས་བཟོས་པ་ཡིན་སྐོར་བརྗོད་ཡོད་ན་ཡང་། ཇི་ལྟར་བཟོས་ཡོད་པ་དང་ཕྱོགས་གང་ཞིག་ནས་འཐེན་ཡོད་པ་སོགས་ལ་གསལ་ཁ་མེད་པ་མ་ཟད། ལམ་ཁ་དེ་བཟོ་སྐབས་པོ་ཏ་ལའི་ཉེ་འགྲམ་དུ་ས་བརྐོ་རྡོ་སློག་སོགས་ག་འདྲ་བྱས་ཡོད་མེད་སོགས་གཅིག་ཀྱང་བཤད་མེད་པ་རེད།

རྒྱ་ནག་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པ་དང་འགྲིམ་འགྲུལ་ལམ་ཁ་སོགས་ལ་ཁ་གཡར་ཏེ། པོ་ཏ་ལའི་ཉེ་འགྲམ་དུ་ལམ་ཁ་བཟོས་པ་དང་འཛུགས་སྐྲུན་སྣ་ཚོགས་བྱས་པའི་རྐྱེན་གྱིས་པོ་ཏ་ལར་གནོད་སྐྱོན་ཐེབས་ཀྱི་ཡོད་འདུག ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གཞུང་གིས་པོ་ཏ་ལའི་འོག་ཏུ་ཤར་ནས་ནུབ་ལ་སྦྲེལ་བའི་ས་འོག་གཞུང་ལམ་ཞིག་བཟོ་མགོ་བཙུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོར་ཆུ་ལོག་བྱུང་སྟེ་པོ་ཏ་ལའི་ཉེ་འཁོར་གྱི་ས་ངོས་སུ་སེར་ག་གས་པ་དང་། ཕོ་བྲང་གི་བརྟན་གནས་སོགས་ལ་གནོད་སྐྱོན་ཆེན་པོ་ཐེབས་པའི་སེམས་འཚབ་བསླངས་ཡོད་པ་རེད། ཡིན་ནའང་། ས་འོག་གཞུང་ལམ་དེས་པོ་ཏ་ལར་གནོད་སྐྱོན་ཅི་ཙམ་ཐེབས་ཉེན་ཡོད་མིན་ལ་མ་ལྟོས་པར་ཕྱི་ལོ་ ༢༠༡༠ ཟླ་ ༥ པའི་ནང་གཞུང་ལམ་གྱི་ལས་གཞི་གྲུབ་ནས་དགའ་སྟོན་གྱི་མཛད་སྒོ་སྤེལ་ཡོད་པ་རེད།

དེ་བཞིན་ཕྱི་ལོ་ ༡༩༨༨ ལོ་ནས་ ༡༩༩༣ ལོའི་བར་ཞུགས་གསོའི་སྲིད་བྱུས་ཀྱི་འོག་ནས་རྒྱ་གཞུང་གིས་ཕོ་བྲང་པོ་ཏ་ལར་ཉམས་གསོ་བྱེད་པའི་ལས་གཞི་མགོ་བཙུགས་ཡོད་པ་དང་། སྐབས་དེར་མི་མང་པོ་ཞིག་ལ་རྒྱ་ནག་གཞུང་གིས་ཉམས་གསོའི་སྲིད་བྱུས་ཀྱི་འོག་ནས་པོ་ཏ་ལའི་ནང་གསང་བའི་ལས་དོན་མང་པོ་སྒྲུབ་ཡོད་པའི་དོགས་གཞི་སླེབས་ཡོད་པ་རེད། ཕྱི་ལོ་ ༢༠༠༠ ལོར་ཕོ་བྲང་ནང་ལོག་གི་སྡེབས་རིས་དང་བརྐོས་རིས་མང་པོ་ཞིག་བསྐྱར་ཏུ་བྲིས་སྟབས། སྐབས་དེར་བོད་ལུགས་ཀྱི་སྒྱུ་རྩལ་ལ་ཉམས་མྱོང་མེད་པའི་དབང་གིས་ལྡེབས་རིས་འགའ་ཤས་ལ་རྒྱ་ནག་གི་སྒྱུ་རྩལ་བ་དག་གིས་ལག་པ་འཆང་སྟེ་སྐྱོན་ཆེན་པོ་བཟོས་ཡོད་འདུག

དེ་བཞིན། ཕྱི་ལོ་ ༢༠༡༤ ལོར་རྒྱ་གཞུང་གིས་ཕོ་བྲང་པོ་ཏ་ལའི་ནང་གི་ཁྲི་ ༡༠ ཙམ་ལ་ཉེ་བའི་གནས་སྤོར་ཆོག་པའི་གནའ་བོའི་ཤུལ་བཞག་རིག་དངོས་ཞེས་པ་ཡོད་ཚད་ལ་ཞིབ་བཤེར་དང་ཐོ་འགོད་བྱེད་པའི་ལས་གཞི་ཞིག་སྤེལ་སྟེ། པོ་ཏ་ལའི་ནང་གི་རིག་དངོས་ཡོངས་རྫོགས་ཀྱི་མིང་དང་ཆེ་ཆུང་། ཡོང་ཁུངས། ཆ་ཚང་མིན་སོགས་ཞིབ་ཕྲའི་གནས་ཚུལ་ལ་ཞིབ་བཤེར་དང་ཐོ་འགོད། ཡིག་ཚགས་གསར་བཟོ་བྱས་ཡོད་པ་མ་ཟད། ལས་གཞི་དེ་གྲུབ་རྗེས་པོ་ཏ་ལའི་ནང་གི་རིག་དངོས་ནས་ལྷ་སྐུ་མང་པོ་ཞིག་སྔོན་མའི་ཤུལ་ནས་གང་དུ་འཁྱེར་བ་སོགས་མི་ངེས་པའི་གནས་ཚུལ་ཐོན་ཡོད་པ་རེད།

གཞན་ཡང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་རིག་དངོས་རྩ་ཆེན་གྱི་བང་མཛོད་ཇོ་ཁང་ལ་མེ་སྐྱོན་ཚབས་ཆེན་བྱུང་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་གཙུག་ལག་ཁང་གི་དགེ་འདུན་པ་དང་། ལས་བྱེད་སོགས་ལ་གཙུག་ལག་ཁང་གི་མེ་སྐྱོན་དང་འབྲེལ་བའི་དང་ལེན་བྱེད་དགོས་པ་གཉིས་དང་། བཤད་མི་ཆོག་པ་ ༨ ཟེར་བའི་བཀའ་རྒྱ་བསྒྲགས་ཏེ་མེ་སྐྱོན་གྱིས་གནོད་འཚེ་ཅི་ཙམ་ཐེབས་ཡོད་མེད་ཀྱི་གནས་ཚུལ་ངོ་མ་ཞིག་ད་ལྟ་བར་དུ་སྤེལ་མེད་ཀྱང་།  འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་རིག་དངོས་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་ནས་བློ་འཚབ་ཆེན་པོས་རྒྱ་ནག་གཞུང་ལ་ཇོ་ཁང་གི་མེ་སྐྱོན་ཁྲོད་གནོད་པ་ཅི་ཙམ་ཐེབས་ཡོད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རིག རིག་གཞུང་བཅས་ཀྱི་ལྷན་ཚོགས་ཡུ་ནེ་སི་ཁོ UNESCO ཞེས་པས་འཛམ་གླིང་གི་ཤུལ་བཞག་རིག་གནས་སུ་ངོས་འཛིན་གནང་ཟིན་པའི་ཇོ་ཁང་ལ་མེ་སྐྱོན་བྱུང་རྐྱེན་དང་གནོད་སྐྱོན་ག་ཚོད་ཐེབས་ཡོད་མེད་ཕྱི་གསལ་ནང་གསལ་དགོས་པ་དང་། གཙུག་ལག་ཁང་གི་མེ་སྐྱོན་གྱི་གནས་ཚུལ་ཁ་གསལ་མེད་པར་བརྟེན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རིག རིག་གཞུང་བཅས་ཀྱི་ལྷན་ཚོགས་ནས་གཙུག་ལག་ཁང་གི་མེ་སྐྱོན་དང་འབྲེལ་བའི་དངོས་ཡོད་གནས་སྟངས་རྟོག་ཞིབ་སླད་བོད་ནང་གསར་འགོད་མི་སྣ་བཏང་སྟེ་རང་དབང་གི་སྒོ་ནས་ཞིབ་འཇུག་བྱ་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༢༤

Leave a Reply

3 thoughts on “ཕོ་བྲང་པོ་ཏ་ལར་སྒོ་ཆེན་གཉིས་པ་ཞིག་ཕྱེས།

  1. བོད་རྒྱའི་དཀའ་ངལ་སེལ་དགོས་པ་ལས་མི་ལོ་དྲུག་བཅུ་རྫོགས་ནས་ད་དུང་མཉམ་སྦྲེལ་
    རྒྱལ་ཚོགས་དང་ཨ་རི་ཡུ་རོབ་མཉམ་མཐུན་ཚོགས་སོགས་ནུབ་ཕྱོགས་རྒྱལ་ཁབ་ལ་རེ་བ་བཅོལ་
    ནས་སྡོད་རྒྱུ་དེ་རང་གི་རང་ལ་མགོ་སྐོར་མ་རེད་དམ་།

  2. ངས་ཅག་བོད་དེ་་་ མི་ལ་ཤོར་ན་སྒྲིག་ཀྱི་རེད་པ། ཙི་ཙི་ཕག་པ་ལ་ཤོར། ཙི་ཙི་ཕག་པའི་་་ བོད་ས་ཡོངས་རྫོགས་བྲུས། 🐀 ཨ་ ལས་ངན། གུང་ཁྲན་གྱི་བྱེད་སྟང་འདི་ལ་ ངས་ཅག་བོད་པ་ཚང་ སྐལ་པ་དགུ་ལ་རྗེད་ཐབས་མེད། ཡིན་ནས་ ད་ ནང་ལོག་ལ་ ཆོལ་གསུམ་ རྐུབ་ཀྱག་ཕབ་རེ་ མ་རྩེ་བར་ཤུག་བརྒྱབ། 😫

  3. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེh

    བོད་ཀྱི་ཕྱི་ནང་སྣོད་བཅུད་ཡོངས་རྫོགས་རྒྱ་མིའི་དབང་འོག་ཏུ་ཚུད་ནས་མི་ལོ་
    དྲུག་བཅུ་ཉེ་འདུག་ན་ད་དུང་མཉམ་སྦྲེལ་རྒྱལ་ཚོགས་དང་ཨ་རི་ཡུ་རོབ་མཐུན་ཚོགས་སོགས་ལ་
    ཇི་ཙམ་ཞུས་ཀྱང་ནུས་པ་ཐོན་རེ་ལ་ངང་སྒུག་མ་གནང་བར་དབུ་མའི་ལམ་རྒྱུད་ནས་
    མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་རྒྱུད་ནས་བོད་
    རྒྱའི་དཀའ་ངལ་སེལ་དགོས་པ་ལས་མི་ལོ་དྲུག་བཅུ་རྫོགས་ནས་ད་དུང་མཉམ་སྦྲེལ་
    རྒྱལ་ཚོགས་དང་ཨ་རི་ཡུ་རོབ་མཉམ་མཐུན་ཚོགས་སོགས་ནུབ་ཕྱོགས་རྒྱལ་ཁབ་ལ་རེ་བ་བཅོལ་
    ནས་སྡོད་རྒྱུ་དེ་རང་གི་རང་ལ་མགོ་སྐོར་མ་རེད་དམ་།