ཀིརྟིའི་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཐེངས་དྲུག་པ་གྲོལ།

ལོ་བཞི་རེའི་མཚམས་སུ་ཀིརྟི་གདན་ས་ཆེ་ཁག་ཏུ་དབྱར་ཆོས་ཆེན་མོ་ཚོགས་བཞིན་ཡོད་པ་ལྟར་ད་ལོར་རྔ་བ་ཀིརྟི་དགོན་དུ་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཐེངས་དྲུག་པ་ཉིན་གྲངས་ ༢༠ རིང་ཚོགས་ཡོད་འདུག

ད་ལོའི་ཀིརྟིའི་གདན་ས་གོང་འོག་གི་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཐེངས་དྲུག་པ་དེ། རྔ་བ་ཀིརྟི་དགོན་ཏུ་ཉིན་གྲངས་ ༢༠ རིང་ཚོགས་ཏེ་ཉིན་ཤས་སྔོན་ལེགས་པར་མཇུག་བསྡུས་ཡོད་པ་དང་། ཐེངས་འདིའི་དབྱར་ཆོས་ཆེན་མོའི་ཐོག་ཀིརྟི་ཚང་གི་གདན་ས་ཆེ་ཁག་སྟག་ཚང་ལྷ་མོ་ཀིརྟི་དགོན་དང་། རྔ་བ་ཀིརྟི་དགོན། ཚོ་བདུན་ཀིརྟི་དགོན། ཧོར་ཚང་ཀིརྟི་དགོན་བཞིའི་ཕར་ཕྱིན་ལོ་རིམ་གཉིས་པ་ནས་ལྔ་བའི་བར་གྱི་འཛིན་གྲྭ་བཞིའི་སློབ་གཉེར་བ་ ༣༠༠ ལྷག་དང་། གདན་ས་ཁག་གི་ཁྲི་བ་དང་མཁན་པོ་དཔེ་ཁྲིད་དགེ་རྒན་བཅས་ཆེད་ཕེབས་ཀྱིས་ཉིན་ལྟར་རྩོད་གྲྭར་གཟིགས་རྟོག་དང་གཞུང་ལུགས་ཀྱི་དཀའ་གནད་ཁག་ལ་ལུང་རིགས་ཀྱིས་བརྒྱན་པའི་བརྒལ་བརྟགས་ཀྱི་རྩོད་པ་གནང་ཡོད་འདུག

ཉིན་གྲངས་ ༢༠ རིང་གི་ཀིརྟི་ཕར་ཕྱིན་དབྱར་ཆོས་ཐོག་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་ཐོག་དམིགས་བསལ་གྱིས་སློབ་གཉེར་གནང་ཡོད་པ་དང་། དེར་མཆོད་བརྗོད་འཛིན་གྲྭ་དང་། སྒྲོ་སྐུར་ངོས་འཛིན་གྱི་འཛིན་གྲྭ། དགག་བྱ་ངོས་འཛིན་གྱི་འཛིན་གྲྭ། རང་རྒྱུད་པའི་འཛིན་གྲྭ་བཅས་འཛིན་གྲྭ་བཞི་དང་། ད་ལོ་དབུ་མ་ཐལ་འགྱུར་པའི་འཛིན་གྲྭ་གཅིག་གསར་སྣོན་བྱས་པ་བཅས་ལྔ་ལ་བགོས་ཤིང་། ཉིན་རེ་བཞིན་ཞོགས་ཆོས་དང་། ཉིན་ཆོས། དགོང་མོའི་ཆོས་ར་བཅས་ཉིན་རེར་དུས་ཚོད་ལྔ་ཙམ་ལ་རྩོད་གྲྭ་དང་། ཉིན་བདུན་རེའི་མཚམས་སུ་མཚན་ཕྱེད་དམ་བཅའ་རེ་དང་། ཆོས་ཐོག་གི་ཉིན་མཐའ་མའི་མཚན་མོར་དྲང་ངེས་མཚན་ཕུད་དམ་བཅའ་ཆེན་མོ་བཅས་ཚོགས་ཡོད་འདུག་པ་དང་། དེ་བཞིན། ཆོས་ཐོག་རིང་དགེ་བཤེས་རྒྱུགས་སྤྲོད་ཆེན་མོར་འགྲོ་བཞིན་པའི་སློབ་གཉེར་པ་བཅུ་ཡོད་པ་རྣམས་ཀྱིས་དྲང་ངེས་གྲྭ་སྐོར་དམ་བཅའ་ཁག་སྔ་ཕྱི་ལྟར་དབྱར་ཆོས་སྐབས་འདི་དང་བསྟུན་ནས་བཞག་གནང་ཡོད་འདུག

སྤྱིར་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཞེས་པ་ནི་སྔ་མོ་ཡུལ་དབུས་ཀྱི་གདན་ས་ཆེན་མོ་གསང་ཕུར་ཕར་ཕྱིན་དབྱར་ཆོས་ལ་རྭ་སྟོད་སྨད་དང་། དགའ་ལྡན་ཤར་རྩེ་གྲྭ་ཚང་སོགས་རིས་མེད་དགོན་སྡེ་ཁག་དུ་མ་ནས་སློབ་གཉེར་བ་ཆེས་མང་བོ་རང་དབང་སྒོས་འདུ་འཛོམས་ཀྱིས་བསྟན་བཅོས་མངོན་རྟོགས་རྒྱན་རྩ་གཞུང་དུ་བྱས་ནས་ཕར་ཕྱིན་ཐེག་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་དམིགས་བསལ་ཐོས་བསམ་སློབ་གཉེར་གནང་རྒྱུའི་ལུགས་སྲོལ་ཡོད་པ་དེ་དུས་འགྱུར་གྱི་རླུང་འཚུབ་འོག་མིང་གི་ལྷག་མར་གྱུར་ཡོད་ཀྱང་། ཕྱིས་སུ་གསང་ཕུའི་ཕར་ཕྱིན་དབྱར་ཆོས་ཞེས་པའི་མིང་དང་སྦྲེལ་ནས་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་བསྩལ་གནང་ཞིང་། ཀིརྟིའི་གདན་ས་ཁག་གིས་ལག་ལེན་བསྟར་བཞིན་པའི་བཅའ་ཡིག་རིན་པོ་ཆེ་བློ་གསལ་འཇུག་ངོགས་ཀྱི་དགོངས་དོན་ལྟར་ཐོས་བསམ་སློབ་གཉེར་ཆེད་དམིགས་ཏེ་དབུ་འཛུགས་གནང་ཡོད་འདུག

ཀིརྟིའི་དབྱར་ཆོས་ཆེན་མོ་དེ་ལོ་རེ་བཞིན་ཀིརྟིའི་དགོན་པ་ཁག་ལ་རེས་མོས་ཀྱིས་ཚོགས་བཞིན་ཡོད་པ་དང་། ལོ་བཞི་རེའི་མཚམས་སུ་དགོན་པ་རེར་ཐེངས་གཅིག་རེ་ཁེལ་གྱི་ཡོད་འདུག ད་ལོའི་དབྱར་ཆོས་ཆེན་མོ་ཐེངས་དྲུག་པ་དེ་རྔ་བ་ཀིརྟི་དགོན་ཏུ་ཚོགས་ཡོད་པ་ལྟར། དབྱར་ཆོས་ཆེན་མོའི་དུས་ཡུན་རིང་ཕྱོགས་སོ་སོ་ནས་ཕེབས་པའི་དགེ་འདུན་པ་རྣམས་ཀྱི་བཞུགས་གནས་དང་བཞེས་ལག་སོགས་མཐུན་རྐྱེན་གང་དགོས་རྔ་བ་ཀིརྟི་དགོན་པ་གཞུང་དང་དགོན་པ་དེ་རང་གི་གྲྭ་པ་སྒེར་ནས་གྲ་སྒྲིག་གནང་ཡོད་འདུག

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་གཉིས་ནས་གནས་ཚུལ་མཁོ་སྤྲོད་གནང་།

བསྐྱར་བཅོས།: ༢༠༡༨/༠༧/༢༥

Leave a Reply