བདུན་ཕྲག་གཅིག་ནང་གསར་འགོད་པ་གཉིས་བསད།

མེག་སི་ཁོའི་གསར་འགོད་རང་དབང་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཏེ་ལོ་འདིའི་ཟླ་བ་བདུན་ཙམ་གྱི་ནང་ཉུང་མཐར་གསར་འགོད་པ་ ༨  ལྐོག་གསོད་བྱས་ཡོད་འདུགརྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཁ་སང་བྱང་ཨ་རིའི་རྒྱལ་ཁབ་མེག་སི་ཁོའི་མངའ་སྡེ་ཁེན་ཐ་ནཱ་རུ་(Quintana Roo)ཡི་གསར་ཁང་ཞིག་གི་སྤྱི་ཁྱབ་འགན་འཛིན་དང་གསར་འགོད་པ་རོ་བྷན་པད་ཊི་(Ruben Pat Cauich)དང་། དུས་དེབ་ཅིག་གི་རྩོམ་སྒྲིག་པ་ལོ་ཝི་སི་པེ་ར་རྫི་གྷར་ཤེ་ཡ་(Luis Perez Garcia)ཞེས་པ་གཉིས་སྔ་གཞུག་ཏུ་ལྐོག་གསོད་བྱས་ཡོད་འདུག་ལ། འདི་ལོའི་འདས་པའི་ཟླ་བ་ ༧ ཙམ་ནང་མེག་སི་ཁོའི་ནང་ཁྱོན་གསར་འགོད་པ་ ༨ ལྐོག་གསོད་བྱས་ཡོད་པ་རེད།

ཉེན་རྟོག་པས་བརྗོད་པ་ལྟར་ན། ཁ་སང་ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་ ༦ སྟེང་། གསར་འགོད་པ་རོ་བྷན་ལགས་སུ་རྒྱས་སྤྲོ་ཁང་ཞིག་གི་ཕྱི་རོལ་ནས་མེ་མདས་བརྒྱབས་ཡོད་པ་དང་། དེ་མ་ཐག་མྱུར་སྐྱོབ་རུ་ཁག་བསླེབས་ཡོད་ཀྱང་། རྨས་སྐྱོན་ལྕི་མོ་ཕོག་ཡོད་པས་ཡུལ་དངོས་རང་ནས་ཤི་ཡོད་པ་དང་། ཕྱི་ཚེས་ ༢༣ སྟེ་ཁེ་ཉིན་མེག་སི་ཁོའི་(Encuesta Hoy)དུས་དེབ་ཀྱི་ལོ་ན་ ༨༠ ཡིན་པའི་རྩོམ་སྒྲིག་པ་དང་གསར་འགོད་པ་པེ་རི་རྫི་གྷ་ཤེ་ཡ་ལགས་བཅས་ལྐོག་གསོད་བྱས། གསར་འགོད་པ་རོ་བྷན་གྱི་ལས་རོགས་གསར་འགོད་པ་ཇོ་སི་གྷ་ཌལ་ལུབ་ཆན་ཛེབ་(Jose Guadalupe Chan Dzib)ཀྱང་ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་ལྐོག་གསོད་བྱས་ཡོད་འདུག

གསར་འགོད་པ་རོ་བྷན་ལྐོག་གསོད་བཏང་བའི་དོན་རྐྱེན་སྐོར་ལ་སྤྱི་ཚོགས་ནང་གླེང་སློང་མང་པོ་འབྱུང་བཞིན་ཡོད་པ་དང་། ཨ་རིའི་ནེའུ་ཡོག་གསར་འགོད་རང་དབང་སྲུང་སྐྱོབ་ལྷན་ཚོགས་ཤིག་གིས། ཕྱི་ཟླ་ ༦ པའི་ནང་མེག་སི་ཁོའི་ས་གནས་ཉེན་རྟོག་པས་རོ་བྷན་འཛིན་བཟུང་བྱས་ཏེ་མཚན་གཅིག་རིང་བཀག་ཉར་བྱས་ཡོད་པ་མ་ཟད། རྡུང་རྡེག་དང་འཇིགས་སྐུལ་སོགས་བྱས་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ་རོ་བྷན་ལགས་ནི་མེག་སི་ཁོའི་(Playa News Aquiy Ahora)གསར་ཁང་གི་སྤྱི་ཁྱབ་འགན་འཛིན་ཡིན་པ་དང་། ཁོས་ནམ་རྒྱུན་ཉེན་རྟོག་པའི་སྐོར་གྱི་གསར་འགྱུར་མང་པོ་སྤེལ་ཡོད་པ་དང་། དམིགས་བསལ་ཉེན་རྟོག་ཁང་དང་བཙོན་ཁང་སོགས་སུ་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་སྐོར་ལ་ཞིབ་འཇུག་བྱས་ཡོད་པ་མ་ཟད། ཉེ་སྔོན་ཁོས་རྩོམ་ཡིག་ཅིག་བྲིས་ཏེ་ས་གནས་ཉེན་རྟོག་པ་ནག་ཚོགས་དང་འབྲེལ་བ་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག

(Playa News Aquiy Ahora)གསར་ཁང་གིས་རེ་སྐུལ་ཡི་གེ་ཞིག་ཕྱིར་བཀྲམས་ཡོད་པའི་ནང་། དེ་རིང་ནི་གསར་འགོད་པའི་ཉིན་ནག་ཅིག་རེད། འོན་ཀྱང་། གསར་འགོད་པ་ལྐོག་གསོད་བྱས་པ་དེས་བདེན་པ་ཁུ་སིམ་མེར་གཏོང་ཐུབ་མི་སྲིད་ལ། ད་རེས་ནི་ང་ཚོའི་གསར་འགོད་པ་ལྐོག་གསོད་བྱས་པ་ཐེངས་གཉིས་པ་དེ་ཆགས་ཡོད་སྟབས། ས་གནས་མགོ་འཁྲིད་ཚོས་ལྐོག་གསོད་དོན་རྐྱེན་འདིའི་མགོ་མཇུག་ལ་ཞིབ་འཇུག་ནན་ཏན་བྱས་ཏེ།  ང་ཚོའི་མངའ་སྡེའི་མི་མང་གི་བདེ་འཇགས་སྲུང་སྐྱོབ་བྱེད་རོགས། ཞེས་འབོད་སྐུལ་བྱས་ཡོད་འདུག

ཡང་གསར་འགོད་པ་ལོ་སི་པེ་རི་རྫི་གྷར་ཤེ་ཡ་(Luis Perez Garcia)ལྐོག་གསོད་ཐེབས་པའི་ཐད་མེག་སི་ཁོའི་གསར་འགོད་མཐུན་ཚོགས་(Fapermex)ཀྱིས། ལྐོག་གསོད་པས་གསར་འགོད་པ་གྷར་ཤེ་ཡ་ལ་གཅར་རྡུང་བཏང་སྟེ་དབུགས་གསུབ་ཀྱིས་བསད་རྗེས། ཁོའི་ཁང་པ་མེར་བསྲེགས་ནས་ཕྱིན་ཡོད་པ་དང་། གཞུང་ནས་ཁོང་གི་ནང་མིའི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་སྐོར་བརྗོད་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༤ པའི་ནང་མེག་སི་ཁོའི་སྲིད་འཛིན་ཨན་ཌི་རེ་སི་མ་ནོལ་ལོ་ཕུ་ཛི་(Andres Manuel Lopez Obrador)ལགས་ཀྱིས། མེག་སི་ཁོའི་ནང་གསར་འགོད་པར་བདག་སྐྱོང་དང་གསར་འགོད་རང་དབང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་པའི་རེ་སྐུལ་ཞུས་ཡོད་ཀྱང་།  ཕྱི་ལོ་ ༢༠༡༢ ནས་ཁོ་རང་ཆེས་མཐོའི་དཔོན་རིགས་སུ་གྱུར་བ་ནས་ད་ལྟའི་བར་མེག་སི་ཁོའི་ནང་ཆེས་ཉུང་མཐར་གསར་འགོད་པ་ ༤༢ ཙམ་ཐད་ཀར་ལྐོག་གསོད་བྱས་ཡོད་པ་དང་། གསར་འགོད་པར་དྲག་རྒོལ་ཐེངས་ ༢༠༠༠ ཙམ་བྱུང་ཡོད་འདུག

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་མེག་སི་ཁོའི་ནི་འཛམ་གླིང་གི་གསར་འགོད་རང་དབང་ལ་ཉེན་ཁ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་དང་། ཕྱི་ལོ་ ༢༠༡༧ ལོ་ཁོ་ནར་གསར་འགོད་པ་ཁྱོན་ ༡༡ ཙམ་བསད་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༠ ནས་མེག་སི་ཁོའི་ནང་ཁྱོན་གསར་འགོད་པ་ ༡༠༠ ལྷག་བསད་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༧/༢༥

Leave a Reply