ཞི་ཅིན་ཕིན་གྱི་འདྲ་པར་ལ་སྣག་ཚས་རྒོལ་རྡུང་ཐེབས། 

ཉེ་སྔོན་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་གྱི་སྲང་ལམ་ཞིག་ཏུ་ཡོད་པའི་ཞི་ཅིན་ཕིན་གྱི་འདྲ་པར་ལ་བུ་མོ་ཞིག་གིས་སྣག་ཚ་ནག་པོ་བྱོ་པ་མ་ཟད། སྤྱི་ཚོགས་དྲ་ལམ་ཊི་ཊར་བརྒྱུད་ཡུལ་དངོས་ཐད་གཏོང་བྱས་ཏེ་ཞི་ཅིན་ཕིན་གྱི་དབང་ཆ་གཅིག་སྡུད་ལ་ངོ་རྒོལ་བྱས་རྗེས། བུ་མོ་དེ་འཛིན་བཟུང་བྱས་ནས་སེམས་ཁམས་གསོ་བཅོས་ཁང་ཞིག་ཏུ་བཅུག་ཡོད་པ་དང་། གནས་ཚུལ་དེ་བྱུང་རྗེས། རྒྱ་ནག་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གླེང་གཞི་ཆེན་པོ་བྱུང་བ་མ་ཟད། སྲང་ལམ་གྱི་ཞི་ཅིན་ཕིན་གྱི་འདྲ་པར་ལ་སྣག་ཚ་ནག་པོ་བྱོ་པ་དང་། རྒྱ་གྲམ་བརྒྱབས་པའི་གནས་ཚུལ་མང་པོ་བྱུང་ཡོད་སྟབས། སྣག་ཚས་རྒོལ་རྡུང་ཐེབས་པའི་ཞི་ཅིན་ཕིན་གྱི་འདྲ་པར་ཚང་མ་འཕྲལ་དུ་ཕྱིར་བསྡུ་དགོས་པའི་བཀོད་ཁྱབ་ཀྱང་གཏོང་དགོས་བྱུང་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་གྱི་སྲང་ལམ་ཞིག་ཏུ། དྲ་མིང་ལ་ (@feefeefly) ཞེས་པའི་བུ་མོ་གཞོན་ནུ་མ་ཞིག་གིས། ཞི་ཅིན་ཕིན་གྱི་དབང་ཆ་གཅིག་སྡུད་ལ་ངོ་རྒོལ་ཡོད། རྒྱ་ནག་དམར་ཕྱོགས་གཞུང་གི་ངའི་བསམ་བློ་ལ་དབང་བསྒྱུར་བྱེད་བཞིན་པར་ངོ་རྒོལ་ཡོད། ཞི་ཅིན་ཕིན། ངས་འདི་ནས་ཁྱེད་ལ་སྒུག་ནས་བསྡད་ཡོད་པས་འཛིན་དུ་ཤོག ཅེས་ཞི་ཅིན་ཕིན་གྱི་འདྲ་པར་ངོས་སུ་སྣག་ཚ་ནག་པོ་བྱོ་སྟེ་རྒོལ་རྡུང་བཏང་ཡོད་པ་རེད། ཕྱི་ཉིན་བུ་མོ་དེས་ཡང་བསྐྱར་ཊེའུ་ཊར་ཐོག་དམག་ཆས་གྱོན་མེད་པའི་ཉེན་རྟོག་པ་ཞིག་གིས་མོའི་སྒོ་འགྲམ་དུ་སོ་ལྟ་བྱས་ནས་སྒུག་ཡོད་པའི་པར་ཞིག་བཏང་ཡོད་པ་མ་ཟད། ཕྱི་རོལ་ན་དམག་ཆས་གྱོན་པའི་མི་འགའ་འདུག ངས་ཁྲིམས་འགལ་གྱི་བྱ་བ་གང་ཡང་བྱས་མེད། དོན་དངོས་སུ་ཚོགས་པ་འདིས་ཁྲིམས་འགལ་བྱས་ཡོད་པ་རེད། ངས་ལྭ་བ་བརྗེས་ནས་ཕྱི་ལ་འགྲོ་རྒྱུ་ཡིན། ཞེས་བཀོད་རྗེས་ཅུང་མ་འགོར་བར་ཊེའུ་ཊར་དྲ་ཐོག་ནས་མཐོང་རྒྱུ་མེད་པར་གྱུར་ཡོད་འདུག

གནས་ཚུལ་དེ་བྱུང་མ་ཐག་སྤྱི་ཚོགས་དྲ་ལམ་ཁག་ཏུ། བུ་མོ་དེའི་མིང་ལ་སྣག་ཚས་རྒོལ་བའི་བུ་མོ་ཞེས་བྲིས་ཏེ་མོའི་པར་དང་བརྙན་བརྒྱུད་སྤེལ་ཤུགས་ཆེན་བྱུང་ཡོད་པ་དང་། རྒྱ་ནག་གི་སྒྱུ་རྩལ་བ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དཔའ་ཡོང་(Hua Yong) གིས་བུ་མོ་དེའི་མིང་དང་སྡོད་གནས་སོགས་རྩད་གཅོད་བྱེད་སྐབས། བུ་མོ་དེ་ནི་རྒྱ་ནག་ཧུའུ་ནན་ཞིང་ཆེན་ནས་ཡིན་ཞིང་། དངོས་མིང་ལ་ཏུང་ཡོ་ཆོང་ (Dong Yaoqiong) ཟེར་བའི་རང་ལོ་ ༢༩ ཅན་ཞིག་ཡིན་འདུག་ལ། རྒོལ་རྡུང་གི་གནས་ཚུལ་བྱུང་རྗེས་བུ་མོའི་པཱ་ལགས་ཏུང་ཇན་པའོ་ (Dong Jianbiao) ཡུན་ནན་ཞིང་ཆེན་དུ་བྲོས་ཕྱིན་ཡོད་པ་བཅས་ཤེས་རྟོགས་བྱུང་ཡོད་འདུག

ཕྱི་ཚེས་ ༡༢ ཉིན་པེ་ཅིན་དུ་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དཔའ་ཡོང་ (Hua Yong) དང་བུ་མོའི་པཱ་ལགས་ཏུང་ཇན་པའོ་གཉིས་ཀྱིས་བུ་མོའི་གནད་དོན་སྐོར་སྤྱི་ཚོགས་དྲ་ལམ་དུ་ཐད་གཏོང་བྱས་ཡོད་པ་དང་། ཕྱི་ཚེས་ ༡༣ ཉིན་སླར་ཡང་ཁོང་གཉིས་ཀྱིས་ཐད་གཏོང་བརྙན་ཕབ་བྱེད་བཞིན་པའི་སྐབས་སུ། དམག་ལྭ་གྱོན་མེད་པའི་མི་འགའ་ཡོང་ནས་སྒོ་གཏོར་ཏེ་རྒྱུ་མཚན་གང་ཡང་མ་བཤད་པར་ཁོང་གཉིས་བཙན་འཁྲིད་བྱས་ཏེ། ད་ལྟའི་ཆར་དཔའ་ཡོང་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་པ་དང་། ཏུང་ཇན་པའོ་ཧུའུ་ནན་ཞིང་ཆེན་གྱི་རང་ཁྱིམ་དུ་བཀག་ཉར་བྱས་ཏེ་ཟླ་གཅིག་རིང་ས་གནས་གང་དུའང་འགྲོ་སྐྱོད་མི་ཆོག་པ་བཟོས་ཡོད་འདུག ཉེན་རྟོག་པས་ཏུང་ཇན་པའོ་ལ་བུ་མོའི་འདས་པའི་སློབ་སྦྱོང་གི་གནས་ཚད་དང་ལས་ཀའི་ངོ་བོ་སོགས་ཆ་ཚང་ཞིག་དྲིས་རྗེས། མོས་རྒྱལ་ཁབ་ཀྱི་དབུ་འཁྲིད་ལ་ངོ་རྒོལ་བྱས་ཡོད་སྐོར་ཙམ་ལས་བུ་མོ་གང་དུ་ཡོད་མེད་སོགས་ཅི་ཡང་བཤད་མེད་པ་དང་། ཕ་རྒན་གྱིས་བུ་མོར་ཐུག་འཕྲད་བྱེད་དུ་འཇུག་དགོས་པའི་རེ་བ་ཞུས་ཡོད་ཀྱང་ལན་གང་ཡང་སྤྲད་མེད་འདུག

གར་ཡོད་ཅི་བྱུང་མེད་པར་གྱུར་བའི་སྐུ་ཞབས་དཔའ་ཡོང་ (Hua Yong) ནི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་རི་མོ་སྒྱུ་རྩལ་པ་ཞིག་ཡིན་འདུག་པ་དང་། ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༤ སྟེ་དྲུག་བཞིའི་དོན་རྐྱེན་རྗེས་དྲན་གྱི་ཉིན་མོར། རང་ཉིད་ཀྱི་དཀྱིལ་མཛུབ་གཏུབ་ནས་ཐོད་པར་ཁྲག་གིས་ ༦།༤ བྲིས་ཏེ། རྒྱ་གཞུང་གིས་དྲུག་བཞིའི་དོན་རྐྱེན་ལ་བཟུང་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་རྐྱེན་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་དེ་སྤྲད་ཡོད་འདུག ཡང་ཕྱི་ལོ་ ༢༠༡༧ ལོར་པེ་ཅིན་དུ་གནས་སྡོད་ཕྱི་མི་འབོར་ཆེན་བཙན་གྱིས་ཕྱིར་འཕུད་གཏོང་སྐབས། ཁོང་གིས་ཡུལ་དངོས་བརྙན་དུ་ཕབ་པར་བརྟེན། རྒྱ་ནག་གཞུང་གིས་མི་མང་པོ་འདུ་འཛོམས་བྱེད་དུ་བཅུག་སྟེ་འགྲིམས་འགྲུལ་འགྲོ་འོང་ལ་བཀག་འགོག་ཐེབས་པའི་ཉེས་མིང་འོག་ཁོང་འཛིན་བཟུང་བྱས་ཡོད་པ་དང་། བདུན་ཕྲག་འགའི་རྗེས་སུ་ཁྲིམས་ཁང་ལ་གཏའ་དངུལ་བཞག་ཏེ་ཀློད་གྲོལ་བཏང་ཡོད་འདུག

དཔའ་ཡོང་དང་པཱ་ལགས་ཏུང་ཇན་པའོ་གཉིས་འཛིན་བཟུང་མ་བྱས་གོང་ཕབ་ལེན་བྱས་པའི་བརྙན་ཐུང་ཞིག་ཏུ། པཱ་ལགས་ཏུང་ཇན་པའོ་ཡིས་སྲིད་གཞུང་ནས་བུ་མོ་ཏུང་ཡོ་ཆོང་ལ་སེམས་ཁམས་ཐང་ཐང་མེད་སྐོར་བརྗོད་ཡོད་ཀྱང་། ཁོང་ཚོའི་ཁྱིམ་རྒྱུད་དེའི་ལོ་རྒྱུས་ནང་སེམས་ཁམས་ཐང་ཐང་མིན་པའི་ན་ཚ་ཅན་མི་གཅིག་ཀྱང་བྱུང་མྱོང་མེད་ལ། བུ་མོར་ན་ཚ་དེ་འདྲ་ཡོད་མི་སྲིད་པ་མོ་རང་གི་ཨ་མ་དང་ཁྱོ་གས་བདེན་དཔང་བྱེད་ཐུབ་སྐོར་བརྗོད་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་བུ་མོ་ཏུང་ཡོ་ཆོང་པེ་ཅིན་ནས་ཧུའུ་ནན་ཞིང་ཆེན་ཀྲུ་ཀྲུའུ་ (Zhuzhou) གྲོང་འཁྱེར་གྱི་རང་ཁྱིམ་དུ་འཁྲིད་དེ་མོའི་ཨ་མ་དང་ནུ་བོ་གཉིས་ལ་ཐུག་འཕྲད་འཁྱུག་ཙམ་བྱུང་རྗེས། གྲོང་ཁྱེར་དེའི་སེམས་ཁམས་གསོ་བཅོས་ཁང་གསུམ་པའི་ནང་བསྐྱལ་སྟེ། བུ་མོ་ཏུང་ཡོ་ཆོང་གི་སེམས་ཁམས་ཐང་ཐང་མེད་སྐོར་བརྗོད་ཡོད་འདུག བུ་མོའི་ཨ་མ་ཀྲུའུ་ཉན་ཇོ་(周蓮嬌)ཡིས་ཉེན་རྟོག་ཁང་ནས་ཁྲིམས་འགལ་གྱི་ཡིག་ཆ་གང་ཡང་སྟོན་རྒྱུ་མེད་པ་དང་། བུ་མོར་སེམས་ཁམས་ཐང་ཐང་མིན་པའི་ན་ཚ་ཡོད་ལུགས་བཤད་པ་དེ་བདེན་པ་གཏན་ནས་མིན་སྐོར་བརྗོད་འདུག

བུ་མོ་ཏུང་ཡོ་ཆོང་ད་ལོའི་ཕྱི་ཟླ་ ༤ པའི་ནང་ཁྱོ་ག་ལི་ཁེ་གུ་ (Li Kaige) དང་གཉེན་འཐོར་ཡོད་པ་དང་། ཁོང་གཉིས་ལ་ལོ་ ༥ ཅན་གྱི་བུ་ཞིག་ཀྱང་ཡོད་པ་དང་། བུ་དེར་ཕ་རྒན་ལི་ཁེ་གུ་ཡིས་བདག་སྐྱོང་བྱེད་བཞིན་ཡོད་འདུག བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཧྲང་ཧེ་དང་ཀྲུ་ཀྲུའུ་ཉེན་རྟོག་ཁང་གིས་ལི་ཁེ་གུ་ལ་འདྲི་རྩད་བྱེད་སྐབས། ཁོང་དང་ཏུང་ཡོ་ཆོང་གཉིས་ལོ་མང་རིང་མཉམ་དུ་འཚོ་བ་རོལ་ཡོད་ཀྱང་མོར་སེམས་ཁམས་ཐང་ཐང་མེད་པའི་ན་ཚ་ཡོད་པ་ཞིག་ཤེས་ཚོར་བྱུང་མེད་སྐོར་བརྗོད་ཡོད་འདུགརྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་ཉམས་ཞིབ་པ་ཕ་ཁྲི་ར་ཁི་ཕོན་ (Patrick Poon) ལགས་ཀྱིས། ཞི་ཅིན་ཕིན་གྱི་པར་ངོས་སུ་སྣག་ཚ་བྱོ་བ་དེ་ནི་རྒྱལ་ཁབ་ཀྱི་དབུ་འཁྲིད་ལ་རྒོལ་རྡུང་བཏང་བ་མ་ཡིན་པར་དེ་ལས་ལྡོག་སྟེ། དེ་ནི་རྩ་ཁྲིམས་ཀྱིས་མི་མང་ལ་གཞུང་དང་མགོ་འཁྲིད་ལ་སྐྱོན་བརྗོད་བྱེད་ཆོག་པའི་ཐོབ་ཐང་གནང་ཡོད་པ་ལག་ལེན་དུ་བསྟར་བ་ཞིག་ཡིན་པ་དང་། ངེས་པར་དུ་ཏུང་ཡོ་ཆོང་ལ་རྒྱབ་སྐྱོར་ཡོད་པའི་ཁྲིམས་རྩོད་པ་ཞིག་གིས་མོའི་ཉེས་དོན་ཞུ་གཏུག་བྱས་ཏེ་འཕྲལ་དུ་ཀློད་གྲོལ་གཏོང་ཐབས་དགོས་པ་རེད། ཅེས་བརྗོད་འདུག

རྒྱ་ནག་མི་མང་གིས་སྲིད་འཛིན་གྱི་འདྲ་པར་ལ་རྒོལ་རྡུང་བཏང་བའི་གནས་ཚུལ་ད་ལན་ཐེངས་དང་པོ་མ་རེད། ཕྱི་ལོ་ ༡༩༨༩ ལོར་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ངོས་སུ་སྦྱར་བའི་མའོ་ཙེ་ཏུང་གི་འདྲ་པར་ཆེན་པོ་དེར། མི་གསུམ་གྱིས་བྱ་སྒོང་ ༢༠ ཉོས་ཏེ་བརྒྱབས་པ་དང་སྣག་ཚ་བྱོ་ནས་རྒོལ་རྡུང་བཏང་ཡོད་པ་དང་། དེ་མ་ཐག་ཁོང་ཚོ་གསུམ་འཛིན་བཟུང་བྱས་ཏེ་ལོ་ ༡༦ ནས་ ༢༠ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༧/༢༥

Leave a Reply to བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ Cancel Reply

One thought on “ཞི་ཅིན་ཕིན་གྱི་འདྲ་པར་ལ་སྣག་ཚས་རྒོལ་རྡུང་ཐེབས། 

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    གང་ན་བཙན་གནོན་ཡོད་ས་དེར་ངོ་རྒོལ་ཡོད་ལ་གང་ན་འགོ་འདྲེན་ཡོད་ས་དེར་འདྲ་མཉམ་མེད་ལ་
    ང་ཚོ་ནི་དུས་རབས་ཉི་ཤུ་རྩ་གཅིག་ནང་སླེབས་ཡོད་ན་བཙན་གནོན་དང་འགོ་འདྲེན་ཕྱོས་གཏོགས་དང་
    ཤོག་སྒྲིལ་སྐབས་ཚོལ་རིང་ལུགས་སོགས་གང་ན་ཡོད་ས་དེར་མི་མང་ནས་ངོ་རྒོལ་དྲག་པོ་བྱེད་མ་ཐུབ་ན་
    ནམ་ཞིག་འཛམ་གླིང་འདི་སྐབས་ཚོལ་རིང་ལུགས་པའི་ཕ་གཞིས་ཆགས་མ་སྲིད་པའི་ངེས་པ་གང་ན་ཡོད་།༼