ཁྱི་རྒན་རྙིང་པ། བསླུ་བྲིད་གསར་པ།  

ལྰོ་སི་ཨྰན་ཇི་ལེས་དཔེ་དེབ་བསྐྱར་ཞིབ་ཁང་ནས་སྤེལ། (Los Angeles Review of Books: China Channel)

བློ་བཟང་ཡེ་ཤེས་ཀྱིས་བསྒྱུར།

བཅར་འདྲི་བའི་མཆན། པདྨ་ཚེ་བརྟན་ལགས་ནི་མིང་གྲགས་ཡོད་པའི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཞིག་ཡིན་པ་དང་། ཁོང་ནི་སྐད་གྲགས་ཅན་གྱི་པེ་ཅིང་གློག་བརྙན་སློབ་གླིང་ནས་མཐར་ཕྱིན་བོད་རིགས་སློབ་མ་ཐོག་མ་དེ་ཡང་ཡིན་པ་རེད། ཁོང་གི་གློག་བརྙན་༼ཁྱི་རྒན་༽དང་༼ཐར་ལོ་༽སོགས་ལ་རྒྱལ་སྤྱིའི་ཐོག་གདེང་འཇོག་ཆེན་པོ་ཐོབ་ཡོད་ཅིང་། ད་ལྟའི་ཆར་ཁོང་ནི་རྒྱལ་སྤྱིའི་ཐོག་རྒྱུས་མངའ་ཆེ་ཤོས་ཀྱི་བོད་རིགས་གློག་བརྙན་འཁྲབ་ཁྲིད་པར་གྱུར་ཟིན་ཡོད། པདྨ་ཚེ་བརྟན་ནི་ཨམ་མདོ་ཁྲི་ཀ་ནས་ཡིན་པ་དང་། ས་གནས་དེ་ནི་ལོ་རབས་བརྒྱད་ཅུ་ནས་བཟུང་སྟེ་བོད་ཀྱི་རྩོམ་རིག་བསྐྱར་དར་བྱུང་ས་ཞིག་ཡིན་པ་རེད། ངས་ཁོང་དང་བཅར་འདྲི་འདི་དང་ཐོག་ཨ་མདོའི་སྐད་ནང་བྱས་པ་དང་གཞུག་ནས་དབྱིན་ཡིག་ཐོག་སྒྱུར་བ་ཞིག་ཡིན། དྲི་བ། ཁྱེད་རང་གློག་བརྙན་གྱི་བྱ་གཞག་ནང་མ་སླེབས་གོང་བརྩམས་སྒྲུང་འབྲི་མཁན་ཞིག་རེད། དེས་ན་ཁྱེད་ནས་རང་ཉིད་ཀྱི་སྒྱུ་རྩལ་དང་བརྗེ་བཞིན་པའི་ངོ་བོ་དང་དུང་རང་ཉིད་ཀྱི་འཇིག་རྟེན་ལྟ་ཕྱོགས་སོགས་ཀྱི་ཐད་ནས་བསམ་ཚུལ་གང་འདྲ་འཆང་བཞིན་ཡོད་དམ། 

ལན། རང་ཉིད་ནར་སོན་གྱི་བརྒྱུད་རིམ་ཁྲོད་དགའ་མོས་ཆེ་ཤོས་ནི་གློག་བརྙན་དང་རྩོམ་རིག་གི་ཐོག་བཏང་ཡོད། ང་རང་བྱིས་པ་ཡིན་དུས་བརྩམས་སྒྲུང་དུ་མ་བཀླགས་པ་དང་གློག་བརྙན་ཡང་མང་པོ་བལྟས་པ་ཡིན། ཡིན་ཡང་ངའི་ཕ་ཡུལ་ལ་ཆ་མཚོན་ན་གློག་བརྙན་ལས་རིགས་ཐོག་སློབ་སྦྱོང་བྱེད་སའི་གོ་སྐབས་ཡེ་ནས་མེད་པ་རེད། དེས་ན་ངས་བོད་ཡིག་དང་རྒྱ་ཡིག་སྒང་སློབ་གཉེར་ཁོ་ན་བྱས་པ་ཡིན། སློབ་ཆེན་དང་གཙུག་ལག་སློབ་གྲྭའི་ལོ་དག་ལ་ངས་དོ་སྣང་བྱེད་ས་གཙོ་བོ་ནི་བོད་ཀྱི་རྩོམ་རིག་ཐོག་རེད། དེ་ལྟར་ཡིན་ཡང་བྱིས་དུས་དང་རྗེས་སུ་སློབ་ཆེན་ནང་ཞུགས་སྐབས་ཀྱང་ངས་རང་ཉིད་ཀྱི་གློག་བརྙན་ལ་བཅང་པའི་དགའ་མོས་དེ་ཡེ་ནས་དོར་མ་མྱོང་། ཕྱི་ལོ་ ༢༠༠༠ ལོར་ང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་རྩོམ་རིག་ཡིག་སྒྱུར་ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་བྱས་པ་ཡིན། སྐབས་དེར་ང་ལ་གློག་བརྙན་སྐོར་སློབ་སྦྱོང་བྱེད་འདོད་ཆེན་པོ་ཞིག་བྱུང་། ཕལ་ཆེར་ཁྱེད་རང་གིས་རྒྱུས་མངའ་ཡོད་ངེས་རེད། ཀུན་ཕན་ཐེབས་རྩ་ཚོགས་པ་དང་ཕྲད་པ་རེད། ཚོགས་པ་དེས་བོད་ནང་གི་བོད་མི་མང་པོར་རོགས་སྐྱོར་བྱེད་ཀྱི་ཡོད་ཙང་ངས་ཀྱང་རང་ཉིད་ཀྱི་གློག་བརྙན་ལས་རིགས་ལ་འཇུག་འདོད་ཀྱི་འདུན་པ་དང་རྨི་ལམ་ཅི་ཡོད་འཁོད་པའི་སྙན་ཞུ་ཞིག་བྲིས་པ་དེར་དང་ལེན་བྱས་སོང་། དེ་ལྟར་ང་པེ་ཅིང་གློག་བརྙན་སློབ་གླིང་ལ་བཞུགས་སྐལ་བྱུང་བ་རེད།

དྲི་བ། གཅིག་བྱས་ན་ཁྱེད་རང་རྒྱ་ནག་ནང་གི་བཅར་འདྲི་མང་ཤོས་བྱེད་སའི་གློག་བརྙན་འཁྲབ་ཁྲིད་པ་དེ་ཡིན་སྲིད་པ་རེད། ཁྱེད་རང་སྒེར་གྱི་མི་ཚེའི་སྐོར་ང་ཚོས་མ་ཤེས་པ་དམིགས་བསལ་དེ་འདྲ་ག་རེ་ཡོད་དམ། 

ལན། རེད། ངས་བཅར་འདྲི་ཅུང་མི་ཉུང་བ་ཞིག་བྱས་ཟིན་པ་དང་མི་འདྲ་མིན་དང་གཏམ་གླེང་ཡང་གང་འཚམ་ཞིག་བྱས་ཟིན་ཡོད་པས། ང་རང་སྒེར་གྱི་ལོ་རྒྱུས་མང་ཆེ་བ་ཞིག་ཕལ་ཆེར་བཀོད་ཟིན་ཡོད་སྲིད་པ་རེད། ཡིན་ཡང་མི་མང་པོ་ཞིག་ལ་དེ་འདྲ་རྒྱུས་མངའ་མེད་ས་ཞིག་ནི་ངའི་སློབ་སྦྱོང་གི་བརྒྱུད་རིམ་རེད་འདུག ང་ཉེ་བའི་གཙུག་ལག་རབ་འབྱམས་ནས་གཙུག་ལག་རབ་འབྱམས་པ་དང་དེ་ནས་རྒྱུན་ལྡན་ལྟར་སློབ་མཐར་ཕྱིན་པ་དེ་འདྲ་མ་རེད། ངས་གཙུག་ལག་སློབ་གྲྭ་མ་འགྲིམས་གོང་ཕ་ཡུལ་གྱི་རྨང་གཞི་སློབ་གྲྭའི་དགེ་རྒན་བྱས་ཏེ་ལོ་བཞི་བསྡད་པ་ཡིན། དེ་ནས་ཕྱི་ལོ་ ༡༩༩༡ ལོར་ལྰན་ཛའོ་ལ་བོད་ཀྱི་རྩོམ་རིག་སྐོར་སློབ་སྦྱོང་བྱས་པ་དང་། ཕྱི་ལོ་ ༡༩༩༥ ལོར་སློབ་མཐར་ཕྱིན་རྗེས་བསྟུད་མར་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གྱི་འཕྲོ་མཐུད་མེད་དེ། ལོ་བཞི་ལྔ་ཙམ་གྱི་རིང་གཞུང་ལས་བྱས་ནས་བསྡད་པ་རེད། སྲིད་གཞུང་ལ་ལས་ཀ་བྱེད་སྐབས་ངས་རང་ཉིད་དེ་ལྟ་བུའི་ལས་རིགས་ལ་དགའ་མོས་དེ་འདྲ་མེད་པ་ཤེས་བྱུང་བས། ང་ལྰན་ཛའོ་ལ་ཕྱིར་བསྐྱོད་ནས་གཙུག་ལག་རབ་འབྱམས་པ་མཐའ་སྐྱེལ་བ་ཡིན།

དྲི་བ། དགེ་རྒན་གྱི་ལས་རིགས་གཉེར་རྗེས་ཁྱེད་རང་སྒྱུ་རྩལ་པ་ཞིག་ལ་འཆར་སྒོ་སྐྱེན་པོ་ཡོང་བར་ཕན་ཐོགས་བྱུང་ངམ་ཡང་ན་དེ་ལས་ལྡོག་ཕྱོགས་སུ་གྱུར་སོང་ངམ། 

ལན། ལོ་དེ་དག་གི་རིང་ང་ཚོ་ལ་གོ་སྐབས་བཟང་པོ་དང་མཐུན་རྐྱེན་འཛོམས་པོ་དེ་འདྲ་ཡོད་མ་རེད། དེ་འདྲ་སོང་ཙང་ང་གཙུག་ལག་སློབ་གྲྭ་བསྟུད་མར་སྐྱོད་མ་ཐུབ་པ་རེད། ཡིན་ཡང་དེས་རང་ཉིད་ལ་ཤུགས་རྐྱེན་ངན་པ་བྱུང་མ་སོང་རློམ་གྱི་ཡོད། རེད། ཁྱེད་ཀྱིས་ངའི་མི་ཚེའི་ལོ་བཞི་དེ་ལྟར་འཕྲོ་བརླག་ཏུ་ཕྱིན་པ་རེད་ཅེས་བརྗོད་ཆོག་པ་རེད་མོད། འོན་ཀྱང་ཕྱོགས་གཞན་ཞིག་ལ་ལོ་དེ་དག་གིས་རང་ཉིད་ཀྱི་གློག་བརྙན་བཟོ་སྐྲུན་དང་རྩོམ་འབྲིའི་ཕྱོགས་ནས་རམ་འདེགས་ཚད་མེད་བྱས་སོང་སྙམ་གྱི་ཡོད། མི་ཚེའི་མྱོང་བ་དང་དཔེ་དེབ་བཀླགས་པ་དག ད་དུང་བལྟས་ཟིན་པའི་གློག་བརྙན་དག་གིས་ངའི་གློག་བརྙན་དང་བརྩམས་སྒྲུང་གསར་པའི་ཐད་ཀྱི་སློབ་སྦྱོང་ཐོག་ཕན་ཐོགས་ཆེན་པོ་བྱུང་སོང་།

དྲི་བ། བོད་མིའི་འཚོ་བའི་ཁྲོད་ནང་ཆོས་ཀྱི་ཤུགས་རྐྱེན་ཇི་ཡོད་སྐོར་མ་བཤད་ཀྱང་ཤེས་གསལ་རེད། ཁྱེད་རང་གི་ལས་ཀའི་ཐོག་ནང་ཆོས་ཀྱི་ཤུགས་རྐྱེན་གང་འདྲ་ཐོན་ཡོད་ན།

ལན། འདི་ནི་ཚང་མས་འདྲི་ས་ཞིག་རེད། ཤུགས་རྐྱེན་ཆེན་པོ་ཞིག་ཡོད་པ་མངོན་སུམ་རེད། སྤྱིར་བོད་དང་བོད་མིའི་འཚོ་བ་དང་འབྲེལ་བའི་བྱ་དངོས་ཡོད་དོ་ཅོག་ལ་ནང་ཆོས་ཀྱི་ཤུགས་རྐྱེན་ངེས་ཅན་ཡོད་པ་རེད། རིག་གཞུང་དང་སྤྱི་ཚོགས་ཀྱི་གྲུབ་ཆ་ཆུང་ངུ་ཡན་ཆད་ནས་དེ་ལྟར་རེད། ནང་ཆོས་ཀྱི་ཤུགས་རྐྱེན་མེད་ས་ཞིག་ཕལ་ཆེར་མེད་པ་ལྟ་བུ་རེད། དེ་ནི་ངའི་སྒྲུང་དང་གློག་བརྙན་དག་གི་ནང་ལ་ཡང་གཅིག་མཚུངས་རེད། བོད་མི་ཚོའི་རྒྱུན་ལྡན་གྱི་གོམས་གཤིས་དག་ལ་ནང་ཆོས་ཀྱི་ཤུགས་རྐྱེན་ཆེན་པོ་དེ་འདྲ་ཡོད་པས་ན། ངའི་གློག་བརྙན་དག་ཀྱང་ནང་ཆོས་དང་འབྲེལ་བ་དམ་ཟབ་ལྡན་ཡོད། ངའི་གློག་བརྙན་༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་༽ནི་དེའི་དཔེ་མཚོན་ཡག་པོ་ཞིག་རེད། ཁྱེད་རང་གིས་བོད་མིའི་འཚོ་བའམ་ཡང་ན་བོད་མིའི་འཇིག་རྟེན་དང་འབྲེལ་བའི་སྒྲུང་འབྲི་བ་དང་གློག་བརྙན་བཟོ་བ་གང་འདྲ་ཞིག་ཡིན་ཡང་ནང་ཆོས་ལས་གཡོལ་ཐབས་མེད་པ་ལྟ་བུ་རེད།

 ཕྱི་ལོ་ ༢༠༡༨ ལོའི་ངའི་གློག་བརྙན་༼ཐར་ལོ་༽ལོ་རྒྱུས་ཀྱི་རྒྱབ་ལྗོངས་རྐྱེན་པས་༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་༽ ལྟར་ནང་ཆོས་དང་ཐད་ཀར་འབྲེལ་བ་དེ་འདྲ་མེད་པ་རེད། ༼ཐར་ལོ་༽ནི་རིག་གནས་གསར་བརྗེའི་དུས་སྐབས་ལ་གཞི་བྱས་རྐྱེན་མི་སྣ་གཙོ་བོ་ཐར་ལོའི་བྱ་སྤྱོད་དང་མཐོང་སྣང་སོགས་དུས་སྐབས་དེ་དང་ཆེད་དངགས་འབྲེལ་བ་ལྡན་ཡོད། དེ་འདྲ་སོང་ཙང་ནང་ཆོས་ཀྱི་ཤུགས་རྐྱེན་ཅུང་ཉུང་བ་རེད། ཡིན་ཡང་ཐར་ལོ་ནི་མ་གཞི་བོད་པ་ཞིག་ཡིན་པས་ནང་ཆོས་དང་ཁ་ཐག་རིང་པོ་དེ་འདྲ་མེད་པ་རེད། ཁོང་གི་ཉེ་འཁོར་གྱི་ཁོར་ཡུག་ཁྲོད་ནང་ཆོས་ཀྱི་གྲུབ་ཆ་ཞིག་མངོན་ལྐོག་གང་རུང་ནས་ཕྱིར་ཐོོན་ཡོད་པ་རེད། ཁོང་གི་འདོན་པ་དང་ཁང་པའི་གྲུ་ཟུར་གྱི་ཐང་ག ཕྱིར་འགྲེང་ཡོད་པའི་མ་ཎི་དར་ཅོག་ཡོད་ཚད་དཔེ་མཚོན་དུ་རུང་བ་རེད། མདོར་བསྡུས་ན། བོད་ཀྱི་རྩོམ་རིག་དང་གློག་བརྙན་སོགས་གང་ཡིན་ཡང་སྐབས་བབ་ཀྱི་རྒྱབ་ལྗོངས་ལ་གཞིག་སྟེ་རིམ་པ་འདྲ་མིན་ཙམ་མ་གཏོགས་ནང་ཆོས་ཀྱི་ཤུགས་རྐྱེན་ལྡན་ངེས་རེད།

དྲི་བ། ཁྱེད་ཀྱིས་བོད་རང་གི་གློག་བརྙན་འཁྲབ་སྟོན་པ་བཙལ་འཚོལ་བྱེད་སྐབས་དཀའ་ཁག་ཆེན་པོ་བྱུང་ངམ། བོད་ཀྱི་གློག་བརྙན་བཟོ་གྲྭ་ཆུང་ཆུང་དང་གསར་པ་ཡིན་ཁར་འཁྲབ་སྟོན་པའི་གྲངས་འབོར་ནི་དེ་བས་ཉུང་བ་ཡོད་ངེས་རེད། ད་དུང་ཁྱེད་ཀྱིས་ཆེད་ལས་མིན་པའི་གློག་བརྙན་འཁྲབ་སྟོན་པ་ཡང་བེད་སྤྱད་ཡོད་འདུག 

ལན། འདི་ལ་རིམ་པས་འགྱུར་ལྡོག་འགྲོ་བཞིན་འདུག ངའི་གློག་བརྙན་ཐོག་མ་༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་༽བཟོ་སྐྲུན་སྐབས་འཁྲབ་སྟོན་པ་བཙལ་འཚོལ་གྱི་དུས་ལ་དཀའ་ཚེགས་ཆེན་པོ་བྱུང་། སྐབས་དེར་འཁྲབ་སྟོན་པ་གསར་པ་དག་དང་ལས་ཀ་བྱས་པ་ཡིན་པས་གྲུབ་འབྲས་ཡག་པོ་བྱུང་སོང་། གང་ཡིན་ཟེར་ན་འཁྲབ་སྟོན་པ་དག་སྲོལ་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་མི་སྣ་དག་ལ་རྒྱུས་མངའ་ཡག་པོ་ཡོད་པ་དང་རྒྱང་ཐག་མེད་པས་རེད། སྤྱིར་བཏང་ནས་ང་ཆེད་ལས་འཁྲབ་སྟོན་པ་དང་འཁྲབ་སྟོན་པ་གསར་པ་གཉིས་ཀ་དང་ལས་ཀ་བྱེད་འདོད་ཡོད་དེ། ངས་འཁྲབ་སྟོན་པ་ཚོའི་དམིགས་བསལ་གྱི་ཁྱད་ཆོས་གང་ཡིན་ཤེས་རྟོགས་ཐུབ་པ་བྱེད་ཀྱི་ཡོད། བོད་ནང་སྤྱིར་དང་སྒོས་སུ་ཨ་མདོའི་ཕྱོགས་ལ་གློག་བརྙན་འཁྲབ་སྟོན་ཐོག་བྱ་གཞག་གཉེར་མཁན་ཧ་ཅང་དཀོན་པོ་རེད། བོད་ཀྱི་དགོད་བྲོ་གཏམ་གླེང་བ་དང་ཞབས་བྲོ་འཁྲབ་མཁན། གཞས་པ་སོགས་ཀྱིས་གློག་བརྙན་འཁྲབ་སྟོན་དེ་ཟུར་ལས་ལྟ་བུ་བྱེད་མཁན་ཡོད་ཀྱང་ཆེད་ལས་འཁྲབ་སྟོན་མཁན་མ་རེད། འདས་པའི་ལོ་ཤས་རིང་འགྱུར་ལྡོག་ཅུང་ཡོང་གི་འདུག ནུས་རྩལ་ལྡན་པའི་འཁྲབ་སྟོན་པ་ཉུང་ཤས་ཤིག་འབུར་དུ་ཐོན་གྱི་འདུག ཁོང་ཚོས་སློབ་གྲྭའི་སྐབས་འཁྲབ་སྟོན་སྐོར་སྦྱངས་པ་བྱས་མྱོང་བ་དང་ལོ་འགའི་འཁྲབ་སྟོན་གྱི་ཉམས་མྱོང་ཡང་ཡོད་པ་རེད། གློག་བརྙན་༼ཐར་ལོའི་༽ནང་ཆེད་ལས་འཁྲབ་སྟོན་པ་འགའ་དང་ལས་དང་པོ་བ་ཡང་འགའ་ཡོད།

དྲི་བ། ངས་བལྟས་ན་བོད་ཀྱི་ས་ཕྱོགས་གཞན་པའི་ལྟད་མོ་བ་དག་གིས་ཁྱེད་རང་གི་གློག་བརྙན་དག་གོ་ཐུབ་དཀའ་ཚོད་འདུག མང་པོ་ཞིག་གིས་རྒྱ་ཡིག་གི་གཤམ་འོག་བརྙན་ཡིག་ལ་བསྟེན་དགོས་ཀྱི་ཡོད་འདུག 

ལན། ང་ལ་མཚོན་ན་འདི་ནི་གནད་དོན་ཆེན་པོ་ཞིག་རེད། བོད་སྤྱི་ལ་ཡང་དེ་ལྟར་རེད། བོད་ཡོངས་ལ་ཁྱབ་ཐུབ་པའི་སྤྱི་སྐད་ཅིག་མེད་རྐྱེན་བོད་མི་ཡོངས་ཀྱིས་གོ་ཐུབ་པའི་བོད་ཀྱི་གློག་བརྙན་ཞིག་ཕལ་ཆེར་བཟོ་ཐབས་མེད་པ་ལྟ་བུ་ཆགས་ཡོད། ངའི་གློག་བརྙན་ཡོད་ཚད་ཀྱི་སྐད་དེ་ང་རང་ཡོང་སའི་ཨམ་སྐད་ནང་ཡིན་དོན་གཙོ་བོ་ནི་སྒྲུང་གི་རྒྱབ་ལྗོངས་དང་ས་གནས། མི་སྣ་དང་རིག་གནས་ཀྱི་ཁོར་ཡུག་སོགས་ཆ་ཚང་ཨ་མདོའི་ས་ཆ་ལ་གཞི་བཅོལ་ཡོད་ཙང་རེད། གནས་སྐབས་རིང་དཀའ་གནད་འདི་ལས་འགྲོལ་ཐབས་གཙོ་བོ་དེ་ནི་གློག་བརྙན་དེ་ས་གནས་གཞན་གྱི་སྐད་ཐོག་སྒྲ་སྒྱུར་བྱེད་རྒྱུ་དེ་རེད། དཔེར་ན། ཨ་མདོའི་སྐད་ནང་བཟོས་པའི་གློག་བརྙན་ཞིག་རྗེས་སུ་དབུས་སྐད་དང་ཁམས་སྐད་ནང་སྒྲ་སྒྱུར་བྱེད་ཆོག་པ་རེད། ང་ལ་ངེས་གཏན་དེ་འདྲ་མེད་ཀྱང་ཐབས་ཤེས་དེ་མི་འགྲིག་པ་མི་འདུག་སྙམ་གྱི་འདུག

 དྲི་བ། ཁྱེད་རང་གི་གློག་བརྙན་དག་བོད་ཀྱི་ས་ཁོངས་འདྲ་མིན་ནང་བཟོས་འདུག ཨ་མདོའི་ས་ཁོངས་འདྲ་མིན་ནས་རེད་འདུག ང་ཚོས་གོ་ཐོས་ལྟར་ན་ཁྱེད་རང་གི་གློག་བརྙན་གསར་པ་དེ་ཁམས་ཀྱི་ས་ཆར་བཟོ་བརྩི་ཡོད་ཚོད་འདུག ཁྱེད་རང་ནས་བོད་ཀྱི་ས་ཐོག་མ་ཡིན་པའི་ཕྱི་རྒྱལ་ནང་གློག་བརྙན་བཟོ་འཆར་ཡོད་དམ། 

ལན། ང་ལ་ཁམས་ཕྱོགས་སུ་གློག་བརྙན་ཞིག་བཟོ་རྒྱུའི་འཆར་གཞི་ན་ནིང་ནས་ཡོད། གློག་བརྙན་གྱི་སྐད་དང་རྣམ་འགྱུར་ཡོད་ཚད་ཁམས་སྐད་ཐོག་རེད། འཁྲབ་སྟོན་པ་དག་ཀྱང་ཁམས་པ་རང་རེད། དེ་བཞིན་འཁྲབ་སྟོན་བྱེད་སའི་ས་གནས་དང་ས་གནས་ཀྱི་གོམས་སྲོལ་དག་ཀྱང་ཁམས་པ་རང་གི་རེད། ངས་ད་དུང་དབུས་སྐད་གློག་བརྙན་ཞིག་དབུས་ཕྱོགས་ལ་བཟོ་འདོད་ཡོད། དོན་དངོས་ཐོག་ངས་བོད་ཀྱི་ས་ཕྱོགས་གང་སར་གློག་བརྙན་བཟོ་འདོད་ཡོད། དམིགས་བསལ་སླེབས་དཀའ་བའི་བྱང་ཐང་ཁུལ་ལ་ཡང་བཟོ་འདོད་ཆེན་པོ་ཡོད། ངའི་རེ་བར་ཉིན་ཞིག་ཕྱི་རྒྱལ་ཡང་ན་རྒྱ་ནག་སྐམ་ས་ཆེན་པོར་གློག་བརྙན་ཞིག་བཟོ་ཐུབ་པ་ཤོག

དྲི་བ། ཁྱེད་རང་ནས་དེ་སྔ་བཟོས་མ་ཐུབ་པའི་ནང་དོན་དེ་འདྲ་ད་དུང་གློག་བརྙན་ལམ་ནས་འཚོལ་སྙེག་བྱ་འདོད་ཡོད་དམ། དཔེར་ན། ཁྱེད་རང་གིས་གློག་བརྙན་༼ཐར་ལོ་༽བཟོས་དོན་ནི་གློག་བརྙན་གཞན་པ་ཞིག་གི་འཁྲབ་གཞུང་མ་ཡིག་ལ་ཞིབ་བཤེར་ལྷན་ཁང་ནས་ཆོག་མཆན་མ་སྤྲད་ཙང་རེད་ཅེས་ངས་བཀླགས་རྒྱུ་བྱུང་།

ལན། དེ་བཤད་ཁག་པོ་རེད། དེ་ནི་ཕལ་ཆེར་ད་ལྟའི་རྒྱ་ནག་གི་གནས་སྟངས་ཁྱོན་ཡོངས་དང་འབྲེལ་བ་ཡོད་ངེས་རེད། ངས་བཟོ་འདོད་པའི་གློག་བརྙན་མང་པོ་ཡོད་དེ། དངོས་སུ་བཟོ་སྐྲུན་ཐུབ་པའི་གློག་བརྙན་ཉུང་ཤས་ལས་མེད་པ་རེད། དང་པོ་གློག་བརྙན་འཁྲབ་གཞུང་འབྲི་དགོས་པ་རེད། དེ་ནས་འཁྲབ་གཞུང་དེ་ཞིབ་བཤེར་ལྷན་ཁང་ལ་བརྩི་སྤྲོད་བྱེད་དགོས་པ་རེད། ཁོང་ཚོས་གློག་བརྙན་བཟོ་ཆོག་མིན་གྱི་ཐག་གཅོད་དང་ཆོག་མཆན་ལ་རག་ལས་ཡོད་པ་རེད། འཁྲབ་གཞུང་ཁ་ཤས་ལ་ཆོག་མཆན་ཐོབ་ཀྱི་ཡོད་པ་དང་གཞན་དག་ལ་ཐོབ་ཀྱི་མེད་པ་རེད། ཆོག་མཆན་མེད་པར་ཁྱེད་ཀྱིས་རང་འདོད་ལྟར་གློག་བརྙན་བཟོ་ཆོག་གི་མེད་པ་རེད། མ་འོངས་པར་ངས་སྙིང་ཐག་པ་ནས་བཟོ་འདོད་པའི་གློག་བརྙན་དག་ནི་ང་རང་ཉིད་ཀྱི་སྙིང་ལ་ཉེ་ཤོས་དག་ཡིན། དེ་སྔོན་ནས་རང་ཉིད་ཀྱི་ནང་རོལ་ན་སྦས་སྐུང་བྱས་པ་དག་ཡིན། གཅིག་བྱས་ན་ངས་བྲིས་པའི་སྒྲུང་ཐུང་དག་དང་འདྲ་པོ་ཡོད་སྲིད་པ་རེད། ཡིན་ཡང་དེ་ནི་དེ་འདྲའི་སྟབས་བདེ་ཞིག་གཏན་ནས་མ་རེད་དེ། ད་ལྟའི་ཁོར་ཡུག་འདི་ནི་ང་ཚོ་རྩོམ་པ་པོ་དང་གློག་བརྙན་བཟོ་མཁན་ཚོར་ཡག་པོ་མེད་པ་རེད། དེ་ནི་དོན་དངོས་རེད།

དྲི་བ། ཁྱེད་ཀྱི་གློག་བརྙན་༼ཐར་ལོ་༽ལ་ལྟད་མོ་བ་ཚོས་མཐོང་ཚུལ་གང་འདྲ་འདུག་གམ། ངས་གོ་ཐོས་ལྟར་ན་བོད་མི་མང་པོས་གློག་བརྙན་དེར་ཡི་རང་ཆ་ཚང་བྱས་ཡོད་མི་འདུག

ལན། རེད། གློག་བརྙན་༼ཐར་ལོ་༽ཐོག་མ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་གི་ནང་བསྟན་པ་དང་རྗེས་སུ་གཞི་ནས་བོད་ཀྱི་ས་ཁུལ་དག་ཏུ་བསྟན་པ་རེད། སྐབས་དེར་བོད་མི་མང་པོ་ལྟད་མོར་བསླེབས་སོང་། མི་ཚོས་གནས་ཚུལ་འདྲ་མིན་སྣ་ཚོགས་རྗོད་ཀྱི་འདུག ཁག་ཅིག་གིས་༼ཐར་ལོའི་༽གོ་བ་ཡག་པོ་ལེན་ཐུབ་པ་དང་ཡང་ཁག་ཅིག་གིས་གློག་བརྙན་དེ་ཅི་ཞིག་ཡིན་པ་གོ་ཚོར་ཅི་ཡང་བྱུང་མི་འདུག ཁག་ཅིག་གིས་དེ་ནི་གློག་བརྙན་ལེགས་པོ་ཞིག་རེད་ཅེས་དང་ཡང་གཞན་ཚོས་དོན་སྙིང་ཡེ་ནས་མེད་པ་ཞིག་རེད་ཅེས་རྗོད་ཀྱི་འདུག ངས་བལྟས་ན་འདི་ནི་ས་ཆ་མི་འདྲ་བས་རྐྱེན་གྱིས་རེད་འདུག ངའི་གློག་བརྙན་དེ་དག་ནི་མི་སྒེར་གྱི་རང་མོས་སྒྱུ་རྩལ་ལས་ཀ་ཤ་སྟག་ཡིན་པས་ན་བསམ་ཚུལ་མི་འདྲ་བ་གང་མང་ཡོང་སྲིད་པ་ནི་དོན་དངོས་རེད། དེས་ན་བོད་མི་ཚོས་གློག་བརྙན་དེའི་སྐོར་བསམ་ཚུལ་འདྲ་མིན་བརྗོད་པ་དེ་ཡང་སྔོན་དཔག་ཐུབ་པ་ཞིག་རེད་དྲན་གྱི་ཡོད།

དྲི་བ། ཁྱེད་རང་ནས་འཁྲབ་གཞུང་རྩོམ་སྐབས་དང་གློག་བརྙན་བཟོ་སྐབས་སུ་ལྟད་མོ་བ་གང་འདྲ་ཞིག་ལ་དམིགས་ཀྱི་ཡོད་དམ། བོད་ཀྱི་ལྟད་མོ་བ་གཅིག་པུ་ལ་དམིགས་ཀྱི་ཡོད་དམ་ཡང་ན་རྒྱལ་སྤྱིའི་ལྟད་མོ་བ་ལ་དམིགས་ཀྱི་ཡོད། 

ལན། ངས་གློག་བརྙན་བཟོ་བའི་རྒྱུ་མཚན་གཙོ་བོ་དེ་ནི་གློག་བརྙན་རང་གི་གནས་བབ་ཐོག་ལ་འཁེལ་ཡོད་པ་རེད། སྐབས་དེར་བོད་རིགས་བོད་སྐད་ཀྱི་གློག་བརྙན་བཟོ་སྐྲུན་པ་ཕལ་ཆེར་མེད་པ་ལྟ་བུ་རེད། བོད་དང་བོད་མིའི་འབྲེལ་ཡོད་གློག་བརྙན་ཡོད་ཚད་མི་རིགས་གཞན་པ་ཚོས་བཟོས་པས་དེ་དག་གི་ནང་དོན་དང་འགྲོ་སྟངས་ཐད་མི་འགྲིག་སའི་ཆ་མང་པོ་ཞིག་རང་བཞིན་གྱིས་མཐོང་རྒྱུ་ཡོད་པ་རེད། ངས་སྐབས་དེར་བོད་རིགས་གློག་བརྙན་བཟོ་སྐྲུན་པ་ཞིག་ཡོད་ན་ཅི་མ་རུང་སྙམ་བྱུང་། དེ་ལྟར་ངས་གློག་བརྙན་བཟོ་འགོ་བཙུགས་པ་ཡིན། ངའི་དང་ཐོག་གི་དམིགས་ཡུལ་དང་རེ་བ་ནི་བོད་མི་གཅིག་པུ་མ་ཡིན་པར་བོད་རིགས་མ་ཡིན་པའི་ལྟད་མོ་བ་དག་ལ་ཡང་དམིགས་ཏེ་གློག་བརྙན་བཟོ་དགོས་སྙམ་བྱུང་། ངའི་གློག་བརྙན་དང་པོ་༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་༽ནང་བོད་ནང་གི་བོད་མི་ཚོས་གོ་མི་ཐུབ་པ་དེ་འདྲ་གང་ཡང་ཡོད་མ་རེད། ཡིན་ཡང་བོད་དང་བོད་མིའི་རིག་གཞུང་ལ་རྒྱུས་མངའ་མེད་པའི་མི་དག་ལ་མཚོན་ན་གློག་བརྙན་དེ་དམིགས་བསལ་ཞིག་ཆགས་ཡོད་པ་རེད། དེ་ལྟར་ངའི་དམིགས་ཡུལ་ནི་གློག་བརྙན་གྱི་བརྗོད་དོན་དེས་བོད་མི་ལྟད་མོ་བར་གོ་བ་སྦྱིན་ཐུབ་པ་ཙམ་མ་ཟད་ད་དུང་བོད་རིགས་མ་ཡིན་པའི་ལྟད་མོ་བ་ཚོས་ཀྱང་གོ་ཐུབ་པ་ཞིག་བཟོ་རྒྱུ་དེ་རེད།

དྲི་བ། ཁག་ཅིག་གིས་ཁྱེད་རང་གི་གློག་བརྙན་༼གཡང་མདའ་༽ཞེས་པ་དེས་རྒྱ་རིགས་ཀྱི་བོད་ཐོག་འཆང་བའི་འཁྲུལ་སྣང་ལ་གཞི་བཅོལ་བྱས་འདུག་ཅེས་སྐྱོན་བརྗོད་བྱེད་མཁན་འདུག

ལན། དེ་ལ་ངས་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད། གློག་བརྙན་དེས་རྒྱ་ཧན་མི་རིགས་ཀྱི་མྱོང་ཚོར་སྐོང་ཐབས་བྱས་པ་རེད་ཅེས་དང་། ཡང་བོད་ཀྱི་ས་ཆ་དང་རིག་གཞུང་། རྒྱབ་ལྗོངས་དག་གིས་རྟོག་བཟོའི་ནང་གི་ཤམ་བྷ་ལ་མཚོན་ཐབས་བྱེད་ཀྱི་འདུག་ཅེས་པ་དེར་དང་ལེན་བྱེད་ཐུབ་ཀྱི་མི་འདུག གློག་བརྙན་དེ་སྔ་མ་དག་དང་བརྙན་པར་མི་འདྲ་བ་དངོས་ཡོད་རེད། ཡིན་ཡང་ནང་དོན་གྱི་ཆ་ནས། དེང་རབས་དང་སྲོལ་རྒྱུན་གྱི་བར་ལུས་པའི་བོད་ཀྱི་གནས་སྟངས་ནི་ངའི་དེ་སྔའི་གློག་བརྙན་དག་དང་ཁྱད་གང་ཡང་མེད་པ་རེད། འདི་ནི་གློག་བརྙན་ནང་གི་མདའ་རྩལ་དང་འབྲེལ་བའི་རིག་གཞུང་ལས་ཤེས་ཐུབ་སྟེ། སྲོལ་རྒྱུན་གྱི་ཤིང་བཟོས་མདའ་གཞུ་དང་དེང་དུས་ཀྱི་མདའ་གཞུའི་ཁྱད་པར་ལྟ་བུ་རེད། ངས་༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་༽དང་དེ་སྔའི་གློག་བརྙན་གཞན་པ་དག་གི་ནང་དོན་དག་ལ་རྒྱབ་འགལ་མེད་པར་བྱས་ཡོད། ངས་གློག་བརྙན་༼གཡང་མདའ་༽བཟོས་དོན་གཙོ་བོ་དེ་ཡང་གློག་བརྙན་གཞན་པ་དག་གི་ནང་དོན་རྒྱ་ཆེ་བོད་རིགས་མི་དམངས་མང་པོར་གོ་དཀའ་བ་བྱུང་རྐྱེན། ངས་ཆེད་མངགས་སྒྲུང་དང་བརྗོད་དོན་སྟབས་བདེའི་གློག་བརྙན་དེ་བཟོས་པ་ཡིན། སྐྱོན་རྗོད་མཁན་ཚོས་ཅི་བཤད་ཀྱང་ངས་གློག་བརྙན་དེ་བོད་རིགས་ལྟད་མོ་བ་ཡོངས་རྫོགས་ལ་དམིགས་ཏེ་བཟོས་པ་ཞིག་ཡིན། གློག་བརྙན་དེ་ནི་བོད་མདོ་དབུས་ཁམས་གསུམ་གྱི་འཚོ་བ་དངོས་ཀྱི་རིག་གཞུང་དང་སྦྱར་ཡོད། གློག་བརྙན་གྱི་འཁྲབ་སྟོན་པ་དག་ནི་བོད་མཐོ་སྒང་གི་ས་ཕྱོགས་གང་ས་ནས་ཡིན་པ་རེད། ཡིན་ཡང་གློག་བརྙན་གྱི་སྐད་དེ་ཨམ་སྐད་ཡིན་པ་དང་གཅན་ཚའི་ཡུལ་སྐད་ཤུགས་ཆེ་བར་འདྲེས་ཡོད་རེད། ས་གནས་དེར་གློག་བརྙན་དེ་ཐོག་མ་དབུ་འབྱེད་ཀྱང་བྱས་པ་རེད། ངའི་གློག་བརྙན་སྔ་མ་དག་དང་བསྡུར་ན་གློག་བརྙན་དེར་ལྟད་མོ་བའི་གྲངས་འབོར་མང་ཤོས་འདུག ཉིན་ཐོག་མ་སྟོན་སྐབས་དེ་རང་ལ་ལྟད་མོ་བ་ཕལ་ཆེར་སྟོང་ཕྲག་ཉི་ཤུ་སུམ་ཅུ་ཙམ་ཞིག་བསླེབས་སོང་།

མཆན། རྩོམ་པ་པོ་ལྰོ་ཝེལ་ཁུའུ་ཀི་ (Lowell Cook) ཡིས་བལ་ཡུལ་རྒྱལ་ས་ཀཐ་མན་ཌུ་ནས་བོད་ཡིག་སྦྱངས་གནང་བ་དང་། ད་ལྟའི་ཆར་ཁྲིན་ཏུར་བསྡད་ཡོད་འདུག ཁོང་གིས་དུས་རྒྱུན་དུ་བོད་ཀྱི་རྩོམ་རིག་སྒང་ཡིག་སྒྱུར་བྱེད་ཀྱི་ཡོད་འདུག 

མ་རྩོམ་གྱི་འབྲེལ་ཐག https://chinachannel.org/2018/07/24/pema-tseden/

བསྐྱར་བཅོས།: ༢༠༡༨/༠༧/༢༩

Leave a Reply