ཞིང་ཆེན་མགོ་འཁྲིད་ཅིག་ལ་ལོ་ངོ་ ༡༦ ཁྲིམས་ཐག་བཅད།

རྒྱ་ནག་ཧྥུའུ་ཅན་ཞིང་ཆེན་གྱི་མགོ་འཁྲིད་ཟུར་པ་སུ་སུའུ་ལིན་གྱིས་ལྐོག་རྔན་འབོར་ཆེན་བླངས་པའི་ཉེས་མིང་འོག་ལོ ༡༦ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཁ་སང་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ཧྲང་ཧའེ་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གཉིས་པས་རྒྱ་ནག་ཧྥུའུ་ཅན་ཞིང་ཆེན་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ། ཧྥུའུ་ཅན་ཞིང་ཆེན་མི་མང་སྲིད་གཞུང་གི་མགོ་འཁྲིད་ཟུར་པ་སུ་སུའུ་ལིན་(Su Shulin)ཞེས་པར་ལོ་ངོ་ ༡༦ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། སུ་ཡིས་ཕྱི་ལོ་ ༡༩༩༧ ནས་ ༢༠༡༣ བར་ལྐོག་རྔན་རྒྱ་སྒོར་བྱེ་བ་ ༣ དང་ས་ཡ་ ༦ འབུམ་ ༢ ལྷག་བླངས་བ་མ་ཟད། དབང་ཆ་སྒེར་སྤྱོད་དང་སྤྱི་རྒྱུ་སྒེར་བཟུང་་བྱས་པའི་ནག་ཉེས་བཙུགས་ཡོད་འདུག

ཕྱི་ལོ ༢༠༡༥ ལོའི་ཟླ་༨ པ་ནས་སུ་སུའུ་ལིན་གྱིས་ལྐོག་ཟ་རུལ་སུངས་བྱས་ཡོད་པའི་ཉེས་དོན་ལ་དངོས་སུ་ཞིབ་བཤེར་བྱེད་མགོ་ཚུགས་ཡོད་པ་དང་། སུ་སུའུ་ལིན་གྱི་ནག་ཉེས་གཙོ་བོ་ནི་ཁོ་རང་ཧྥུའུ་ཅན་ཞིང་ཆེན་གྱི་མགོ་འཁྲིད་དུ་མ་བསྐོས་གོང་སྟེ། ཕྱི་ལོ་ ༢༠༠༧ ནས་༢༠༡༡ བར་རྒྱ་ནག་གི་སྣུམ་གྱི་བཟོ་གྲྭ་ཆེན་པོ་ཞིག་གི་སྤྱི་ཁྱབ་འགན་འཛིན་ཡིན་པ་དང་། བཟོ་གྲྭ་དེས་རྒྱ་ནག་ཧི་ནན་ཞིང་ཆེན་གྱི་དཔལ་འབྱོར་ལྟེ་གནས་ཞིག་དང་མཉམ་འབྲེལ་གྱིས་ལྐོག་ངན་འབོར་ཆེན་བླངས་པ་མ་ཟད། བཟོ་གྲྭ་དེས་སུའུ་ཡི་བཟའ་ཟླ་ལ་ཧོང་ཀོང་སོགས་སུ་སྤྲོ་སྐྱིད་གཏོང་བར་དངུལ་འབོར་ཆེན་བཏང་ཡོད་པའི་ནག་ཉེས་བཙུགས་ཡོད་འདུག

ཕྱི་ལོ་ ༢༠༡༧ ལོར་ཁོ་མཉམ་དུ་རྒྱ་ནག་ཧུའུ་པེ་ཞིང་ཆེན་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་གི་མགོ་འཁྲིད་གཞོན་པ་ཡང་ཁྲུང་ཡུང་དང་། རྒྱ་ནག་མི་མང་འགན་ལེན་ཚད་ཡོད་ཚོང་གཉེར་ཁང་གི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་ཝང་ཡན་ཁྲང་། རྒྱ་ནག་ཨན་ཧུའེ་ཞིང་ཆེན་གྱི་མགོ་འཁྲིད་གཞོན་པ་ཀྲའུ་ཁྲུན་ཡུས། རྒྱ་ནག་ཀྲུང་ཧྭ་ཚོགས་པའི་སྤྱི་གཉེར་བ་ཚའེ་ཤི་ཡའུ་སོགས་མི ༦ ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་ཏེ། དམར་ཤོག་ཚོགས་པའི་ནང་ནས་ཕྱིར་འཕུད་དང་གོ་གནས་མེད་པ་བཟོས་ཡོད་འདུག

སུའུ་ནི་ད་ལོ་ལོ་ན་ ༥༦ ཡིན་ཞིང་། རྒྱ་ནག་གི་མཐོ་རིམ་ཆབ་སྲིད་མི་སྣའི་ཁྲོད་ཀྱི་རེ་བ་ཆེན་པོ་རྒྱག་ས་ཞིག་ཡིན་པ་དང་། ལྷག་པར་དུ་ཅང་ཙི་མེན་ཕྱོགས་ཁག་གི་རྗེས་རབས་མགོ་འཁྲིད་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག དེ་སྔོན་ཁོ་ལ་རྒྱ་ནག་རྒྱལ་ཡོངས་སྣུམ་ལས་མཐུན་ཚོགས་ཀྱི་མགོ་གཙོའི་གོ་གནས་ཐོབ་གྲབས་བྱས་ཡོད་ཀྱང་། ཕྱི་ལོ ༢༠༠༤ ལོར་མཱ་ཧྥུ་ཚེ་(Ma Fucai)ལ་གནད་དོན་བྱུང་ནས་གོ་སྐབས་དེ་མེད་པ་ཆགས་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་བ་ནས་ལོ་ལྟར་སྲིད་གཞུང་གི་དཔོན་རིགས་སྟོང་ཕྲག་མང་པོར་ཞིབ་བཤེར་བྱས་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་བསྡོམས་རྩིས་ནང་གསལ་བ་ལྟར་ན། ཕྱི་ལོ་༢༠༡༢ ནས་ ༢༠༡༧ བར་ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་གཙང་བཟོའི་ལས་འགུལ་ཁྲོད་མི་གྲངས་ས་ཡ་༡།༤ ལྷག་ལ་ཞིབ་བཤེར་ཉེས་ཆད་ཕོག་ཡོད་པ་དང་། དེའི་ནང་རྒྱ་ནག་གི་མཐོ་རིམ་མགོ་འཁྲིད་ ༣༠༠ མ་ཟིན་ཙམ་དང་ཉུང་མཐར་དམག་དཔོན་སོགས་དམག་དོན་སྲི་ཞུའི་ལས་བྱེད་ ༡༣༠༠༠ ཙམ་ཡོད་འདུག

སུ་སུའུ་ལིན་ནི་ཕྱི་ལོ་ ༡༩༦༢ ལོར་རྒྱ་ནག་བྱང་ཤར་ཧེ་ལོང་ཅང་གི་ཞིང་བའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཁོང་ལ་མིང་སྲིང་དྲུག་ཡོད་པ་དང་རང་ལོ་ ༡༤ སོན་སྐབས་ཕ་རྒན་འདས་གྲོངས་སུ་ཕྱིན་སྟབས། ཆུང་དུས་ནས་ཨ་མའི་གཉོར་སྐྱོང་འོག་སློབ་གྲྭ་རིམ་པར་འགྲིམས་ཏེ། རྒྱ་ནག་ཌ་ཆིན་རྡོ་སྣུམ་རིག་པའི་སློབ་གླིང་(Daqing Petroleum Institute)དང་ཧཱར་བྷེན་བཟོ་ལས་མཐོ་སློབ་(Harbin Institute of Technology)སོགས་ནས་སློབ་མཐར་ཕྱིན་ཏེ་ལོ་མང་རིང་རྒྱ་ནག་གི་རྡོ་སྣུམ་ཁང་མང་པོའི་ཁྱད་ལས་ལམ་སྟོན་པ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་  ༡༦ པའི་ཐོག་དབུས་རྒྱུན་ཁ་གསབ་འཐུས་མིར་བདམས་ཏེ་རིམ་གྱིས་མཐོ་རིམ་ཆབ་སྲིད་མི་སྣའི་གྲལ་དུ་ཚུད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༧/༣༠

Leave a Reply