ལོ་ངོ་ ༤༠ རྗེས་འོས་བསྡུ་ཐེངས་དང་པོ་བྱས།

དེ་རིང་ལྷོ་ཨ་ཧྥི་རུ་ཁའི་རྒྱལ་ཁབ་ཛིམ་བྷ་བེ་མི་མང་གིས་ལོ་ངོ་བཞི་བཅུའི་རྗེས་ཀྱི་སྲིད་འཛིན་འོས་བསྡུ་ཐེངས་དང་པོ་བྱས་ཡོད་ཀྱང་སྲིད་འཛིན་ཟུར་པ་མུ་གྷ་བྷི་ཡིས་འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་བྱེད་ཀྱི་མེད་འདུགཛིམ་བྷ་བེ་ཡི་སྲིད་འཛིན་རོ་བྷིར་ཊི་མུ་གྷ་བྷེ་(Robert Mugabe)ཡིས་འདས་པའི་ལོ་ངོ་ ༤༠ ལྷག་ལ་སྲིད་དབང་སྒེར་འཛིན་བྱས་ཏེ་ཡུལ་དེའི་ནང་སྲིད་དོན་དཀའ་རྙོག་བསྟུད་མར་བྱུང་རྗེས། དེ་རིང་ཕྱི་ཚེས་ ༣༠ ཉིན་རྒྱལ་ཡོངས་ནང་མི་གྲངས་ས་ཡ་ ༥.༦ ལྷག་གིས་སྲིད་འཛིན་དང་གྲོས་ཚོགས་འཐུས་མིར་དངོས་གཞིའི་འོས་བླུགས་ཡོད་པ་དང་། སྲིད་གཞུང་གི་གཏན་འབེབ་ལྟར་ན་ཕྱི་ཟླ་ ༨ ཚེས་ ༤ ཉིན་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱ་རྒྱུ་ཡིན་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཡུལ་དེའི་སྲིད་འཛིན་གྱི་སྔོན་འགྲོའི་འོས་བསྡུའི་ནང་ཁྱོན་འོས་མི་ ༢༣ བྱུང་ཡོད་པ་དང་། དངོས་གཞིའི་ནང་ཛིམ་བྷ་བེ་ཨ་ཧྥེ་རི་ཁའི་རྒྱལ་ཡོངས་མཉམ་འབྲེལ་མཐུན་ཚོགས་(The Zimbabwe African National Union )ཀྱི་འོས་མི་ཨམ་མིར་སན་མ་ནན་གྷ་བ(Emmerson Mnangagwa)དང་། དམངས་གཙོ་བཅོས་བསྒྱུར་གྱི་ལས་འགུལ་ཚོགས་(Movement for Democratic Change)པའི་འོས་མི་ནེལ་སོན་ཆ་མེ་ས(Nelson Chamisa)གཉིས་ཡིན་པ་དང་། ད་ལྟའི་ཆར་ཨམ་མིར་སན་མ་ནན་གྷ་བ་ལ་རྒྱལ་ཁ་ཐོབ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

རང་ལོ་ ༧༥ ཡིན་པའི་སྲིད་འཛིན་འོས་མི་ཨམ་མིར་སན་མ་ནན་གྷ་བ་ཡིས་འདས་པའི་ལོ་མང་རིང་མི་མང་གི་མགོ་འཁྲིད་བྱས་ཏེ་དམངས་གཙོ་བཅོས་བསྒྱུར་གྱི་ལས་འགུལ་སྤེལ་ཐབས་བྱས་ཡོད་སྟབས། མི་མང་གིས་གལ་སྲིད་ཁོང་ལ་རྒྱལ་ཁ་འཐོབ་པ་ཡིན་ན། ཁོས་དྲང་བདེན་གྱི་ཐོག་ནས་སྲིད་དབང་སྐྱོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་མ་ཟད། སྲིད་འཛིན་འོས་བསྡུའི་སྐབས་ཁོང་གིས་མ་འོངས་པར་དཔལ་འབྱོར་སྒོ་འབྱེད་བྱས་ཏེ་ལས་ཀ་མཁོ་སྤྲོད་བྱུ་རྒྱུ་ཡིན་པའི་དམ་བཅའ་བཞག་ཡོད་འདུག ཁོང་གིས་དམངས་གཙོའི་ལམ་ལུགས་སྐུལ་འདེད་བཏང་བར་བརྟེན། སྲིད་འཛིན་ལས་ཐོག་མུ་གྷ་བེའི་ཕྱོགས་གཏོགས་ཚོས་ཐེངས་འགར་ཁོང་ལྐོག་གསོད་བྱེད་པའི་ཐབས་ཇུས་འཐེན་ཡོད་ཀྱང་ལམ་ལྷོང་བྱུང་མེད་པ་རེད།

རང་ལོ་ ༤༠ ཡིན་པའི་སྲིད་འཛིན་འོས་མི་ནེལ་སོན་ཆ་མེ་ས་ནི་ལོ་ན་ ༢༥ སྟེང་སྲིད་བློན་དུ་བསྡད་མྱོང་ཡོད་པ་དང་། ཐེངས་འདིའི་འོས་བསྡུའི་ནང་ཁོང་གིས་རྒྱལ་ཁབ་ཀྱི་མ་འོངས་པའི་དཔལ་འབྱོར་འཛུགས་སྐྲུན་ལ་དམིགས་ནས་མེ་འཁོར་མགྱོགས་ཤོས་བཟོ་རྒྱུ་དང་། ཛིམ་བྷ་བེ་ལ་ཨོ་ལེམ་ཕིག་རྩེད་འགྲན་བསྐོང་རྒྱུ་ཡིན་པ་སོགས་ཡུལ་དེའི་གནས་སྟངས་ལས་རིང་དུ་བརྒལ་བའི་དམ་བཅའ་བཞག་པ་དེར་མི་མང་གིས་ཡིད་ཆེས་ཐུབ་ཀྱི་མེད་པ་མ་ཟད། སྐྱོན་བརྗོད་བྱེད་མཁན་མང་པོ་ཡོང་གི་ཡོད་འདུག

ལོ་ ༩༤ ཡིན་པའི་སྲིད་འཛིན་ཟུར་པ་རོ་བྷི་ཊི་མུ་གྷ་བྷེ་ཡིས་འདས་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༣༡ ཉིན་ལས་གནས་ནས་རྩ་དགོངས་ཞུ་དགོས་ཁེལ་ཡོད་པ་དང་། ཁོས་རང་གི་བཟའ་ཟླ་གྷ་རཱ་སི་མུ་གྷ་བྷེ(Grace Mugabe)སྲིད་འཛིན་དུ་བསྐོ་བཞག་བྱེད་པར་འབད་བརྩོན་མང་པོ་བྱས་ཡོད་ཀྱང་ནུས་པ་ཐོན་མེད་པ་རེད། འོས་བསྡུའི་སྐབས་དང་བསྟུན་བྷི་བྷི་སིའི་གསར་འགོད་པས་མུ་གྷ་བྷེ་ལ་སྐུ་ཞབས་ཆ་མེ་སར་ལ་རྒྱལ་ཁ་འཐོབ་པར་དགའ་བསུ་ཡོད་མེད་སོགས་དྲིས་པར་ཁོང་གིས། ང་ནི་སྲིད་འཛིན་དུ་འདུག་ཐུབ་མཁན་འོས་མི་གཅིག་པུ་དེ་ཡིན་ཞེས་ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་མེད་པའི་རྣམ་འགྱུར་གསལ་པོ་བསྟན་ཡོད་འདུག

བསོད་ནམས་རྒྱ་མཚོ།

བསྐྱར་བཅོས།: ༢༠༡༨/༠༧/༣༠

Leave a Reply