ཐའེ་ཝན་ནང་བོད་ཀྱི་རྒྱལ་དར་བྱང་བུ་བཀོལ་སྤྱོད།

ཐའེ་ཝན་གྱི་བོད་དོན་རྒྱབ་སྐྱོར་བ་ཚོར་རྔན་པའི་ཚུལ་དུ་བོད་ཀྱི་རྒྱལ་དར་དཔར་བའི་འགྲུལ་སྐྱོད་བྱང་བུ་དང་ཅ་དངོས་ཉོ་བྱེད་སོགས་ཀྱི་བྱང་བུ་ཞིག་རིན་མེད་ཀྱིས་སྤྲད་དེ་བཀོལ་སྤྱོད་བྱེད་བཞིན་འདུག

འདས་པའི་ལོ་ ༣ ཙམ་གྱི་སྔོན་ནས་བཟུང་ཐའེ་ཝན་ནང་གི་བོད་དོན་རྒྱབ་སྐྱོར་བ་ཚོར་མདུན་ངོས་སུ་བོད་ཀྱི་རྒྱལ་དར་དཔར་བའི་འགྲུལ་སྐྱོད་བྱང་བུ་དང་། ཅ་དངོས་ཉོ་བྱེད་སོགས་ཀྱི་བྱང་བུ་ཞིག་རིན་མེད་ཀྱིས་སྤྲད་དེ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། འདི་ལོར་བོད་མི་རྣམས་བཙན་བྱོལ་དུ་བསླེབས་ནས་ལོ་ ༦༠ འཁོར་བ་དང་། ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་བཙུགས་ནས་ལོ་ངོ་ ༢༠ འཁོར་བ་དངབསྟུན། བྱང་བུ་དེ་བསྐྱར་དུ་དཔར་ནས་ཐུགས་རྗེ་ཆེ་ཞུ་ཆེད་བོད་དོན་རྒྱབ་སྐྱོར་བ་ཚོར་རྔན་པའི་ཚུལ་དུ་སྤྲོད་བཞིན་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཐའེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་སུ། དེ་རིང་དོན་གཅོད་ཁང་གི་དྲ་ལམ་དུ་བོད་ཀྱི་རྒྱལ་དར་བྱང་བུའི་བརྙན་ཐུང་ཞིག་བཀྲམས་ཡོད་པ་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། བྱང་བུ་དེ་བོད་དོན་རྒྱབ་སྐྱོར་བ་ཚོར་ང་ཚོས་རྔན་པའི་ཚུལ་དུ་སྤྲོད་ཀྱི་ཡོད་པ་རེད། ད་ལོར་ང་ཚོ་བཙན་བྱོལ་དུ་བསླེབས་ནས་ལོ་ ༦༠ འགྲོ་ཡི་ཡོད་པ་དང་། ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་བཙུགས་ནས་ལོ་ ༢༠ འཁོར་བ་དང་སྟབས་བསྟུན།  བོད་དོན་ལས་འགུལ་ནང་ཞུགས་མཁན་ཚོར་རྔན་པ་འདྲ་བོ་དང་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་རྟགས་འདྲ་བོར་སྤྲོད་བཞིན་ཡོད། ཁོང་ཚོས་བྱང་བུ་སྙིང་རྗེ་མོ་འདུག་ཟེར་ནས་དཔེ་དགའ་བོ་བྱེད་ཀྱི་འདུག་པ་མ་ཟད། མི་མང་པོས་ཤེས་རྟོགས་བྱུང་ན་ཡག་པོ་ཡོད་ས་རེད་ཟེར་གྱི་འདུག་སྟབས། ང་ཚོས་བྱང་བུའི་སྐོར་གྱི་བརྙན་ཐུང་འཁྲབ་སྟོན་དེ་བཟོས་ནས་དྲ་ལམ་དུ་བཀྲམས་པ་ཡིན། ཞེས་བརྗོད་བྱུང་།

མ་འོངས་པར་བོད་ཀྱི་རྒྱལ་དར་བྱང་བུ་དེ་གྲངས་འབོར་དང་བཀོལ་སྤྱོད་ཀྱི་རྒྱ་ཆེ་རུ་གཏོང་འཆར་ཡོད་མེད་དྲིས་པར་ཁོང་གིས། ད་ལྟ་བར་དུ་ཕལ་ཆེར་བྱང་བུ་ ༡༠༠༠ ཡས་མས་ཤིག་བཟོས་ཡོད་པ་དང་། འབེལ་འབེལ་ལྷུག་ལྷུག་གིས་སྤྲད་པ་ཡིན་ན་བྱང་བུར་མཐོང་མེད་པ་ཆགས་ཉེན་ཡོད་པས་དཀོན་པོ་འདྲ་བྱས་ནས་རྔན་པའི་ཚུལ་དུ་སྤྲོད་བཞིན་ཡོད་ལ། སྤྱིར་བཏང་ཐའེ་ཝན་ནང་དེབ་ལྗང་པོའི་དངུལ་འབབ་སྤྲོད་མཁན་ ༣༠༠༠ ལྷག་ཡོད་ཀྱང་དེ་ཚོ་ཚང་མར་སྤྲོད་ཐུབ་ཀྱི་མེད་སྐོར་དང་། བྱང་བུ་བཟོ་བར་འགྲོ་སོང་ཆེན་པོ་ཡིན་པས་མ་འོངས་པར་གྲངས་མང་དུ་གཏོང་བའི་འཆར་གཞི་ད་ལྟའི་ཆར་མེད་སྐོར་བརྗོད་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༨/༠༡

Leave a Reply

One thought on “ཐའེ་ཝན་ནང་བོད་ཀྱི་རྒྱལ་དར་བྱང་བུ་བཀོལ་སྤྱོད།