རོ་སྒམ་བེད་སྤྱོད་གཏོང་མི་ཆོག

རྒྱ་ནག་ཅང་ཞི་ཞིང་ཆེན་སྲིད་གཞུང་གིས་འདི་ལོའི་ཕྱི་ཟླ་ ༩ པ་ནས་བཟུང་མི་འདས་གྲོངས་སུ་ཕྱིན་རྗེས་ཕུང་པོ་མེར་བསྲེགས་གཏོང་དགོས་པ་ལས་རོ་སྒམ་ནང་དུ་བཅུག་སྟེ་དུར་འཇུག་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་འདུག

རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ནང་ཕུང་པོ་རོ་སྒམ་དུ་བཅུག་ནས་དུར་འཇུག་བྱེད་པ་ནི་རྒྱུན་སྲོལ་ཞིག་ཡིན་ལ། ཕུང་པོ་དུར་འཇུག་བྱས་ཏེ་ས་ཆ་མང་པོ་ཞིག་དུར་སར་འགྱུར་གྱི་ཡོད་པར་བརྟེན། རྒྱ་ནག་ཅང་ཞི་ཞིང་ཆེན་སྲིད་གཞུང་གིས་ཁོངས་གཏོགས་གྲོང་ཁྱེར་ཁག་གི་གཙོས་གྲོང་རྡལ་ཚང་མར་ཕུང་པོ་ངེས་པར་དུ་མེར་བསྲེགས་གཏོང་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་སྟབས། ད་ལྟ་་ཞིང་ཆེན་དེའི་ནང་རོ་སྒམ་གསར་བཟོ་མཚམས་བཞག་ཡོད་པ་མ་ཟད། རོ་སྒམ་བཟོས་ཟིན་པ་རྣམས་བཙན་གྱིས་འཕྲོག་པ་དང་འདྲིད་འཐེན་འཁོར་ལོ་བཏང་སྟེ་བཅག་ཧྲུག་ཏུ་གཏོང་གི་ཡོད་འདུག

ཞིང་ཆེན་དེའི་ཀའོ་ཨན་རྫོང་ (Gaoan county) གི་གྲོང་ཚོ་ ༢༤ ནང་། ས་གནས་ལས་བྱེད་པ་ཚོ་ཁྱིམ་ཚང་རེ་རེའི་སྒོ་ཁར་སོང་ནས་རོ་སྒམ་རེར་གུན་གསབ་རྒྱ་སྒོར་ ༢༠༠༠ རེ་སྤྲད་དེ་རོ་སྒམ་ ༥༨༠༠ ཙམ་ལག་སོན་བྱུང་ཡོད་པ་དང་། རང་ལོ་ ༢༩ ཡིན་པའི་ཡུལ་མི་ཞིག་གིས། ཁ་སང་ཁོང་ཚོའི་ནང་གི་དགུང་ལོ་ ༧༠ ཡན་གྱི་སྤོ་པོ་དང་རྨོ་མོ་གཉིས་ཀྱིས་ལོ་ངོ་ ༣༠ ལྷག་རིང་ཁྱིམ་དུ་བདག་ཉར་བྱས་ནས་བཞག་ཡོད་པའི་རོ་སྒམ་གཉིས་སྲིད་གཞུང་ལ་མ་སྤྲད་པར་བརྟེན་བཙན་གྱིས་འཕྲོག་ཕྱིན་ཡོད་སྐོར་བརྗོད་འདུག

ཅང་ཞི་ཞིང་ཆེན་གྱི་མིང་མ་བརྗོད་པའི་ཡུལ་མི་ཞིག་གིས ཕུང་པོ་རོ་སྒམ་དུ་བཅུག་ནས་དུར་འཇུག་བྱེད་མི་ཆོག་པ་ཙམ་མ་ཡིན་པར་དུར་འཇུག་དང་འབྲེལ་བའི་ཆོ་ག་སྤེལ་མི་ཆོག་ལ། ཐ་ན་དུར་ཤིང་སློང་བ་དང་འདས་མཆོད་ཤོག་དངུལ་ཡང་སྲེག་ཆོག་གི་མེད་སྐོར་བརྗོད་འདུག་ལ། སྤྱི་ཚོགས་དྲ་ལམ་ཁག་ཏུ་རོ་སྒམ་མང་པོ་གནས་གཅིག་ཏུ་སྤུངས་ཡོད་པ་དང་། སྲིད་གཞུང་གི་ལས་བྱེད་ཚོས་རོ་སྒམ་བཙན་གྱིས་འཕྲོག་པ་དང་བཅག་ཧྲུག་གཏོང་གི་ཡོད་པའི་འདྲ་པར་མང་པོ་བཀྲམ་རྗེས། མི་མང་གི་དད་མོས་དང་ཡིད་ཆེས་རྡོག་རོལ་དུ་གཏོང་བཞིན་ཡོད་པའི་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་བ་མ་ཟད། ཡར་རྒྱས་ཤུགས་ཆེན་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ལ་མཚོན་ན། ས་རྨོའུ་གཅིག་ཀྱང་བེད་མེད་དུ་གཏོང་རྒྱུ་མེད་པས་ས་ཆ་མང་པོ་དུར་སར་བསྒྱུར་གྱི་ཡོད་པ་དེར་ངེས་པར་དུ་སྟངས་འཛིན་དགོས་སྐོར་ཡང་བརྗོད་ཀྱི་འདུག

ཅང་ཞི་ཞིང་ཆེན་གྱི་ཁྲིམས་རྩོད་པ་ལུ་ལིང་བྷོ་ (Lu Liangbiao) ཡིས། དང་ཐོག་སྲིད་གཞུང་གི་དམིགས་ཡུལ་ནི་ཁོར་ཡུག་བདེ་སྲུང་གི་ཚན་རིག་དང་མཐུན་པའི་འདས་མཆོད་ཀྱི་ཆོ་ག་སྦྱིན་སྲེག་ཐོག་ཤུགས་སྣོན་བྱས་ཡོད་ཀྱང་། ཚད་ལས་བརྒལ་ཏེ་མི་མང་གི་སེམས་ལ་ཕོག་ཐུག་བཟོ་ཡི་ཡོད་སྟབས། རོ་སྒམ་བཙན་འཕྲོག་བྱས་པ་དང་ཡུལ་མིའི་སེམས་ལ་ཕོག་ཐུག་བཏང་བ་རྣམས་ལ་གུན་གསབ་སྤྲོད་དགོས་སྐོར་བརྗོད་འདུག

རྒྱ་ནག་དམངས་ཁྲོད་སྲོལ་རྒྱུན་དུ་རོ་སྒམ་བཟོས་ཏེ་ཁྱིམ་ཚང་གི་སྦུག་ཏུ་བཞག་ན་ཚེ་རིང་པོ་དང་བྱ་བ་ལམ་འགྲོ་ཡོང་བར་ངོས་འཛིན་གྱི་ཡོད་སྟབས། བུ་ཕྲུག་བཟང་པོས་སོ་སོའི་ཕ་མ་མ་གྲོངས་གོང་ནས་ཕ་མར་རོ་སྒམ་བཟོས་ཏེ་ཉར་བའི་གོམས་སྲོལ་ཡོད་པ་རེད། དེང་སང་རྒྱ་ནག་ནང་རོ་སྒམ་ཞིག་ལ་ཉུང་མཐར་རྒྱ་སྒོ་ ༥༠༠༠ ཡིན་ལ། རྒྱ་མི་ཞིག་ཡིན་ཚེ་རང་ཉིད་འདས་ཁར་སྤུས་དག་གི་རོ་སྒམ་ཞིག་ཡོད་རྒྱུ་ནི་ཚེ་གང་གི་ནོམ་པ་དེ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༠༧/༣༡

Leave a Reply